15136

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངན་སོང་སྦྱོང་རྒྱུད་ཀྱི་ཁུངས་ (1)
Part of speech མིང་ཚིག
Definition སྔགས། ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་རིགས་འདི་ཉིད་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བགྱི་བ་ཞིག་ཤི་འཕོས་ཏེ་དུས་ལས་འདས་ཏེ། དགུང་བདུན་ལགས་ན། བཅོམ་ལྡན་འདས་དེ་བསྟན་དུ་གསོོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ། ལྷའི་བུ་ནོར་བུ་དྲི་མ་མེད་འོད་ཅེས་བྱ་བ་དེ། འདི་ནས་ཤི་འཕོས་ནས་བར་མཚམས་མེད་པའི་དམྱལ་བ་ཆེན་པོར་སྐྱེས། དེས་དེར་ལོ་སྟོང་བཅུ་གཉིས་ཀྱི་བར་དུ་སྡུག་བསྔལ་མ་རུངས་ཤིང་མི་བཟད་པ་མྱོང་ནས། སེམས་ཅན་དམྱལ་བ་ཆུང་ངུ་རྣམས་སུ་ཡང་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ངོ་། །གཞན་ཡང་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པ་མྱོང་ཞིང་མྱོང་བར་འགྱུར་རོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་ཐམས་ཅད་ཀྱི་ཐོས་ནས། ཤིན་ཏུ་དངངས་ཤིང་སྐྲག་སྟེ། སྐྱོ་ནས་ཁ་སྦུབ་ཏུ་འགྱེལ་བར་གྱུར་ཏོ། །དེ་ནས་ཡར་ལངས་ནས། འདི་སྐད་ཅེས་གསོལ་ཏོ། །སྡུག་བསྔལ་ཆེན་པོ་བརྒྱུད་པ་འདི་ལས། བཅོམ་ལྡན་འདས་ཇི་ལྟར་ཐར་བར་འགྱུར། བདེ་བར་གཤེགས་པ་ཇི་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་འདི་ཅི་ནས་ཀྱང། སྡུག་བསྔལ་གྱི་ཕུང་པོ་འདི་ལས་རྣམ་པར་གྲོལ་བར་འགྱུར་བ་འདི་སྐྱབས་སུ་གསོལ། བདེ་བར་གཤེགས་པ་འདི་སྐྱབས་སུ་གསོལ། བཅོལ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་བཤད་པ་འདི་ངས་ཀྱང་བཤད་ཀྱི་ཉོན་ཅིག དེ་ནས་རྒྱུད་དངོས་ལ་ཤཱཀྱ་ཐུབ་པས་གསུངས་པ་ཀུན་རིག་རྩ་བའི་དཀྱིལ་འཁོར་དང། ཕྱག་ན་རྡོ་རྗེའི་ཞལ་ནས་གསུངས་པ་བརྟག་པ་ཕྱི་མའོ། །དང་པོ་ཀུན་རིག་རྩ་བའི་དཀྱིལ་འཁོར་དྲུག་སྟེ། སྔགས་ཀྱི་ཕྲེང་བ་ཕན་ཡོན་དང་བཅས་པ། ནང་གི་དཀྱིལ་འཁོར་སྔོན་དུ་འགྲོ་བས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ། རས་བྲིས་ལ་བརྟེན་པའི་དངོས་གྲུབ། ཚེ་འདས་ཀྱི་སྡིག་པ་སྦྱང་བའི་ཐབས་ཀྱི་བྱེ་བྲག ནོར་བུ་དྲི་མ་མེད་པ་ངན་སོང་འཐོན་པ་ཕན་ཡོན་དང་བཅས་པ། རྒྱུད་ཀྱི་ཆེ་བ་དང་བཅས་པའི་སྒོ་ནས་བསྟན་ཏོ། །ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་སྦྱོང་རྒྱུད་བསྟན་པ་རྒྱས་པའི་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།