15276
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་རྗེ་སྐུ་ཕྲེང་དྲུག་པ་ངེས་དོན་བསྟན་པ་དར་རྒྱས་མཆོག་ནི། མགོ་ལོག་སྨྲ་ཡུལ་ཡོ་སྟག་ཏུ་ཨ་ལྕགས་ཀྱི་རུས་སུ་སྐུ་འཁྲུངས། དགུང་ལོ་ལྔའི་ཐོག་ཏུ་ཆོས་རྗེ་སྐུ་གོང་མའི་སྐུ་སྐྱེས་སུ་ངོས་འཛིན་གནང་སྟེ་ཁྲི་སྟོན་མཛད། དགུང་ལོ་བརྒྱད་ནས་བཟུང་སྟེ་ཀློག་ཡིག་དང་རིག་གནས་འགའ་ཞིག་ལ་སྦྱང་བརྩོན་མཛད། རིམ་བཞིན་རང་ལུགས་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་ཟབ་བཀའ་མཐའ་དག་མནོས་ཏེ་གོང་མའི་ཕྱག་བཞེས་ཇི་བཞིན་ཉམས་ལེན་མཛད། ཆོས་རྗེ་འདི་ཉིད་ཀྱིས་རེ་ཞིག་གཏེར་སྟོན་གྱི་རྣམ་པས་སྔགས་འཆང་གི་སྤྱོད་ཚུལ་མཛད་ནས་གླིང་བཟའ་ཡུམ་དུ་བཞེས་ཏེ་ཁོང་གི་ཕོ་བྲང་ཁང་གསར་གྱི་ཟུར་དུ་གླིང་ཧྭ་ཚང་ཟེར་བའི་གཞིས་ཀ་བཟུང་བས། འཛམ་ཐང་གི་ཆོས་སྡེ་ཡང་སྔར་ཡོད་ལྟར་གྱི་འགྲིག་ཁྲིམས་ཀྱི་སྒོ་དམ་པོ་ཀུན་ནས་ལྷོད་པར་གྱུར་ཏེ་འདི་ཕན་ཆད་ནས་དགོན་དུད་ཚང་དང་འདྲེས་མ་ཅན་དུ་རིམ་པར་གྱུར་ལ། ཁམས་ཕྱོགས་ཀྱི་རང་རེའི་དགོན་ལག་སྔོན་ནས་ཡོད་པ་གང་མང་ལ་འཛིན་བདག་ཡེ་ནས་མ་བྱས་སྟབས་རང་ལུགས་ཀྱི་ཆོས་གཞི་གྲྭ་རྒྱུན་ཀུན་གཞན་དུ་ཤོར་ཏེ་ཉམས་ཇེ་དམའ་རུ་རིམ་གྱིས་སོང་། གང་གི་སྤྱོད་ཚུལ་གྱི་གནས་བབས་དེ་ལྟར་ཡིན་ནའང་ཁོང་གིས་རང་ངོས་ནས་ཕྱོགས་རེར་འགྲོ་འདུལ་དུས་བབས་ཀྱི་གཏེར་སྟོན་མཁའ་འགྲོས་ལུང་བསྟན་ཐོབ་པའི་སྐྱེས་ཆེན་ཡིན་གཤིས་རྗེས་སོར་མཁའ་འགྲོའི་ལུང་བསྟན་བཞིན་ཁོང་ཉིད་དབུས་གཙང་དུ་ཕེབས་ཏེ་ཟབ་ཆོས་ཀྱི་གཏེར་ཁ་རེའི་སྒོ་ནས་འགྲོ་ཕན་རླབས་ཆེན་མཛད་ཅིང་ལེགས་ཉེས་འབྱུང་འགྱུར་ལུང་བསྟན་ཐོག་ཏུ་ཁེལ་བ་སོགས་སྒོ་གང་ཐད་ནས་མཛད་པ་ཁྱད་དུ་འཕགས་པ་ཆེས་མངོན་དུ་གྱུར་པའི་ཆ་ནས་བོད་ལྗོངས་སུ་མཚན་སྙན་གྱི་གྲགས་པས་ཀུན་ཏུ་ཁྱབ་ཅིང་༧རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་དེ་ལུགས་ལྟར་གྱི་བཀའ་ཡིས་བསྔགས་བརྗོད་དང་། ལུང་བཟང་པོའི་བཀའ་ཡིག་སོགས་ཀྱི་གནང་སྦྱིན་མཛད། ཆོས་རྗེ་ཁོང་ལ་ཐུགས་སློབ་རང་ཡུལ་འཛི་ཀ་དང་ཕྱོགས་གཞན་ནས་འོང་བ་མང་པོ་ཡོད། ཁོང་ཉིད་ཀྱི་རྣམ་དཀར་གྱི་མཛད་པའང་སྐུ་རྟེན་བྱམས་པ་དང་། ཐུབ་པ། དུས་འཁོར། སྤྱན་རས་གཟིགས་རྣམས་ཀྱི་ཟབ་ཐང་གི་སྐུ་བརྙན་དུ་མ་དང་། གསུང་རྟེན་གསེར་དངུལ་གྱི་ངེས་དོན་བཀའ་ཆོས་སོགས་རྟེན་མཆོག་བཅུ་གསུམ་བཞེངས་པའི་མཐར། དགུང་ལོ་སོ་ལྔའི་སྟེང་ཆོས་རྗེ་གང་ཉིད་ཀྱི་སྐུ་ཡི་བཀོད་པ་ཡོངས་སུ་རྫོགས་པའོ། །ཁོང་དང་སྐུ་ཐོག་མཉམ་པ་ནི་ས་སྐྱའི་སྔགས་འཆང་ངག་དབང་ཀུན་དགའ་བློ་གྲོས་དང་། པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན། གོང་མ་ཆན་ལུང་སོགས་དུས་མཉམ་མོ། ། |