15386

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་འབྱུང་གི་ཚུལ་ཁྲིམས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ངེས་འབྱུང་ཞེས་པ་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བློ་ལ་འདོད་པ་ནི་མ་ཤེས་པ་ཡིན་ཏེ། དེ་ཙམ་ནི་ཕྱི་རོལ་པ་ལའང་ཡོད་པའི་ཕྱིར་དང། ཡི་གེའི་དོན་ལ་མ་ཞུགས་པའི་ཕྱིར། དེས་ན་ངེས་པར་འབྱུང་བ་ནི་ལྷག་མེེད་ཀྱི་མྱང་འདས་ཡིན་ལ། དེ་ལའང་ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །ཚུལ་ཁྲིམས་ལའང་གསུམ་སྟེ། འདོད་པའི་སས་བསྡུས་པ་སོ་སོར་ཐར་པ་དང། གཟུགས་ཀྱི་སས་བསྡུས་པ་བསམ་གཏན་གྱི་དང། ཁམས་དང་སས་མ་བསྡུས་པ་ཟག་པ་མེད་པའི་འོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས། པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། ངེས་འབྱུང་ལྷག་མེད་མྱང་འདས་ཐོབ་པའི་ཐབས་སུ་གྱུར་པའི་ཚུལ་ཁྲིམས་ལ་ངེས་འབྱུང་གི་ཚུལ་ཁྲིམས་ཞེས་འཇོག་པ་ཡིན་ཏེ། རྒྱ་ཆེར་འགྲེལ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ནི། ངེས་པར་འབྱུང་བའི་ཚུལ་ཁྲིམས་སོ། །ཞེས་གསུངས་པའི་ཕྱིར། འཇིགས་སྐྱོབ་དང་ལེགས་སྨོན་གྱི་དགེ་སློང་ཕ་མའི་སྡོམ་པ་སོགས་རིགས་བརྒྱད་ནི་མདོ་རྩ་བའི་དངོས་བསྟན་གྱི་ཚུལ་ཁྲིམས་མ་ཡིན་ཏེ། དེ་ཡིན་ན་ངེས་འབྱུང་གི་བསམ་པས་ཟིན་པ་ཞིག་དགོས་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཞེས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཚུལ་ཁྲིམས་ཡིན་ན། དགེ་སློང་ཕ་མ་གང་རུང་གི་ཚུལ་ཁྲིམས་ཡིན་པས་ཁྱབ་སྟེ། དེ་ཡིན་ན་སྤོང་བདུན་འཁོར་དང་བཅས་པའི་ཚུལ་ཁྲིམས་ཡིན་དགོས་པའི་ཕྱིར། འདི་ལ་དགོངས་ནས། རྒྱ་ཆེར་འགྲེལ་ལས། ཚུལ་ཁྲིམས་ཞེས་བྱ་བ་ནི་སྤོང་པ་བདུན་ཞེས་བྱ་བའི་ཚུལ་ཁྲིམས་འཁོར་དང་བཅས་པ་སྟེ་ཞེས་གསུངས་པ་ཡིན་ནོ། །ཞེས་དང། ངེས་པར་འབྱུང་བ་དང་ངེས་པར་ཐོབ་པར་བྱ་བ་དང། ཕྱིར་མི་ལྡོག་པ་ཐོབ་པར་བྱ་བ་དང། ངེས་པར་འབྱུང་བ་ཞེས་པའི་དངོས་བསྟན་གྱི་ངེས་འབྱུང་དང། བླ་ན་མ་མཆིས་པའི་ཐར་པ་རྣམས་དོན་གཅིག་ཅིང། མཚན་གཞི་ནི། ལྷག་མེད་མྱང་འདས་ཁོ་ན་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།