15402

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངེས་ལྡན་དབང་པོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བཏང་སྙོམས་དང་སྲོག་དང་ཡིད་ཀྱི་དབང་པོ་དང་གསུམ་ལས་གང་ཡང་རུང་བ་ཞིག་དང་ལྡན་པ་དེ་ལ་ནི་གཞན་གཉིས་དང་ཡང་ལྡན་པས་ངེས་པར་གསུམ་དང་ལྡན་པ་ཡིན་ཏེ་དེ་དག་ཉིད་དོ། །བདེ་བ་དང་ལྡན་པ་ནི་བསམ་གཏན་བཞི་པ་དང་གཟུགས་མེད་དུ་སྐྱེས་པའི་སོ་སོའི་སྐྱེ་བོ་མ་གཏོགས་པའི་སྐྱེ་འཕགས་ཐམས་ཅད་དེ། དེ་དང་ལྡན་པ་ལ་ནི་ངེས་པར་ཡིད་དང་སྲོག་དང་བཏང་སྙོམས་དང་བདེ་བ་རང་ཉིད་དང་བཞི་དང་ལྡན་ནོ། །ལུས་ཀྱི་དབང་པོ་དང་ལྡན་པ་ནི་འདོད་པ་དང་གཟུགས་ན་སྤྱོད་པ་སྟེ། དེ་དག་ལའང་སྔར་བཤད་པ་གསུམ་དང་ལུས་དབང་སྟེ་བཞི་དག་དང་ལྡན་ནོ། །མིག་དང་རྣ་བ་དང་སྣ་དང་ལྕེའི་དབང་པོ་དག་དང་ལྡན་པ་ནི་ངེས་པར་རང་རང་དང་སྔར་བཤད་པའི་ལུས་ལ་སོགས་པ་བཞིའོ། །ཡིད་བདེ་བའི་དབང་པོ་དང་ལྡན་པ་ཡང་ལྔ་དང་ལྡན་ཏེ། བཏང་སྙོམས་དང་སྲོག་དང་ཡིད་དང་བདེ་བ་དང་ཡིད་བདེ་རང་ཉིད་དོ། །སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་ནི་ངེས་པར་ལུས་དང་སྲོག་དང་ཡིད་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་དང་སྡུག་བསྔལ་རང་ཉིད་དང་བདུན་དང་ལྡན་ནོ། །མོའི་དབང་པོ་དང་ལྡན་པ་ནི་ངེས་པར་བརྒྱད་དང་ལྡན་ཏེ། སྡུག་བསྔལ་ལ་སོགས་པ་སྔར་སྨྲོས་པ་བདུན་དང་རང་ཉིད་དོ། །སོགས་པའི་སྒྲས་གཟུང་བ་ནི་ཕོའི་དབང་པོ་དང་ཡིད་མི་བདེ་བ་དང་དད་སོགས་ལྔ་པོ་རྣམས་ཏེ། ཕོའི་དབང་པོ་དང་ཡིད་མི་བདེ་བ་ནི་སྔར་སྨྲོས་པ་རྣམས་དང་རང་ཉིད་དང་བརྒྱད་དོ། །ཀུན་ཤེས་པའི་དབང་པོ་དང་ལྡན་པ་ལ་ནི་རང་ཉིད་དང་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་དང་སྲོག་དང་ཡིད་དང་དད་པ་ལ་སོགས་པ་ལྔ་སྟེ་དབང་པོ་བཅུ་གཅིག་དང་ངེས་པར་ལྡན་ནོ། །དེ་བཞིན་དུ་ཀུན་ཤེས་ལྡན་པའི་དབང་པོ་དང་ལྡན་པ་ལའང་དེ་དང་འདྲ་བར་སྔར་གྱི་བཅུ་པོ་དང་རང་ཉིད་དང་བཅུ་གཅིག་དང་ངེས་པར་ལྡན་ནོ། །དེ་བཞིན་དུ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ལྡན་པ་ལའང་དབང་པོ་བཅུ་གཅིག་ངེས་པར་ལྡན་པའི་ཚུལ་ཡང་ཤེས་པར་བྱའོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ལྡན་པ་ནི་འདོད་ཁམས་ཀྱི་རྟེན་ཅན་གྱི་མཐོང་ལམ་པ་ཡིན་ལ། དེ་ལ་ནི་ངེས་པར་རང་ཉིད་དང་ཡིད་དང་སྲོག་དང་ལུས་ཀྱི་དབང་པོ་དང་ཡིད་བདེ་དང་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་དང་དད་སོགས་ལྔ་སྟེ་བཅུ་གསུམ་དག་དང་ལྡན་པ་ཡིན་ནོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ངེས་ལྡན་དབང་པོ་

|; |@@@ | | }}