1555

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་ (1)
Part of speech མིང་ཚིག
Definition སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ནི། རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག ཕྱི་ལོ་ ༡༧༡༢ ལོར་རྔ་བའི་རྡོ་སྟོད་ཀྱི་ཡུལ་དུ་ ཡབ་ཚེ་རིང་དང་ཡུམ་སྐྱིད་མོ་ ཡག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། པཎ་ཆེན་བློ་བཟང་ཡེ་ཤེས་དང་ལ་མོ་ཆོས་སྐྱོང་སོགས་ཀྱིས་ཀིརྟི་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་ཐག་གཅོད་མཛད་དེ། མེ་སྤྲེལ། ཕྱི་ལོ་ ༡༧༡༦ ལོར་ ཀཱ་ལ་རི་དགོན་བཀྲ་ཤིས་ལྷུན་གྲུབ་གླིང་དུ་ཁྲི་འདོན་མཛད། གཉན་རྩེ་རིན་པོ་ཆེ་ངག་དབང་ཆོས་འཕེལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། ཤིང་སྟག ཕྱི་ལོ་ ༡༧༣༤ ལོར་ལྷ་ལྡན་ཆོས་ཀྱི་ཞིང་དུ་ཕེབས་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པ་མགར་ཐར་དུ་ཕེབས་པའི་རྒྱལ་ཚབ་འཇིགས་མེད་ཡེ་ཤེས་གྲགས་པའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། གཞུང་ས་དགའ་ལྡན་ཕོ་བྲང་ནས་བཀུར་གཟོས་གཟེངས་བསྟོད་རྒྱ་ཆེན་གནང༌། གཙང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་དགུང་ལོ་ཤིན་ཏུ་མཐོ་ཡང་དམིགས་བསལ་གྱིས་ནང་མཇལ་དང་ཆོས་འབྲེལ་བཅས་གནང༌། ཆུ་ཕག ཕྱི་ལོ་ ༡༧༤༣ ལོར་ཁམས་ཕྱོགས་སུ་ཕེབས་ཏེ་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་དང་མཆོད་ཡོན་དུ་གྱུར། ས་འབྲུག ཕྱི་ལོ་ ༡༧༤༨ ལོར་གདན་ས་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་ཕྱག་བཏབ། མེ་གླང༌། ཕྱི་ལོ་ ༡༧༥༧ ལོར་ཆོས་སྡེ་ཆེན་པོ་དེའི་གྲྭ་ཚང་གི་ཐོག་མ་གསང་སྔགས་རྒྱུད་པ་གྲྭ་ཚང་བཙུགས། ཤིང་སྤྲེལ། ཕྱི་ལོ་ ༡༧༦༤ ལོར་སྐུ་འབུམ་བྱམས་པ་གླིང་སོགས་སུ་ཆིབས་བསྒྱུར་མཛད། ལྕང་སྐྱ་རོལ་པའི་རྡོ་རྗེ་དང༌། ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་དང་མཇལ་འཕྲད་ཀྱིས་ ཐུགས་ཡིད་གཅིག་ཏུ་འདྲེས། མེ་ཁྱི། ཕྱི་ལོ་ ༡༧༦༦ ལོར་ད་ཚང་ལྷུན་འགྲུབ་གླིང་གི་ཁྲིར་ཕེབས། སྐུ་གཞོན་ནུའི་དུས་ནས་མཁས་གྲུབ་གཉིས་ལྡན་གྱི་དམ་པའི་རང་རྟགས་བདག་གིར་བཞེས་པས། ཚ་ཁོའི་རྒྱལ་ཁག་གསུམ་དང་། རྔ་བ་རྨེའུ་རྒྱལ་འབངས། མཛོད་དགེའི་དཔོན་ཁག ཁ་གྱ། ཧོར་ཚང་སོགས་སྟོད་སྨད་ཀུན་ནས་བསྙེན་བཀུར་རྒྱ་ཆེན་ཞུས། ལྷག་པར་ཟུང་ཕན་རྒྱལ་པོས་དབལ་ཤུལ་ཤོག་ཀ་བཅུ་གཉིས་དང༌། མཛོད་དགེ་ཤོག་ཀ་བཅུ་གཉིས་ཀྱི་དབུ་བླར་བཀུར་བས་མཚོན་ཆོས་སྲིད་ཀྱི་མངའ་ཐང་བླ་མེད་དུ་འཕེལ། མཐར་དགུང་ལོ་དྲུག་ཅུ་བཞེས་པ། རབ་བྱུང་བཅུ་གསུམ་པའི་ལྕགས་ཡོས། ཕྱི་ལོ་ ༡༧༧༡ ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། ཁོང་གི་སྐུ་དམར་གདུང་སྟག་ཚང་ལྷ་མོའི་གདན་སར་ད་ལྟའང་བཞུགས། གསུང་འབུམ་པོད་གསུམ་ཙམ་བཞུགས།
Synonyms ཀིརྟི་བསྟན་པའི་རྒྱལ་མཚན། གྲུབ་དབང་བསྟན་པའི་རྒྱལ་མཚན། བློ་བཟང་བསྟན་པའི་རྒྱལ་མཚན། ཀིརྟི་ཐོགས་མེད། རོང་སྨྱོན་མི་བསྐྱོད་རྡོ་རྗེ། གྲུབ་དབང་བུདྡྷ་རྡོ་རྗེ།