15550

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངོ་ཚ་མེད་པ་ (1)
Part of speech མིང་ཚིག
Definition གཞན་གྱིས་རང་ཉིད་ལ་འཕྱ་སྨོད་དང་ངན་སྨད་བྱས་ཡོང་སྙམ་པའི་འདུ་ཤེས་མེད་པའི་དོན་ཏེ།
Example ངོ་ཚ་མེད་པ་དེ་དུད་འགྲོ་དང་ཁྱད་པར་ཅི་ལྟ་བུ།
ངོ་ཚ་མེད་པ་ (2)
Part of speech མིང་ཚིག
Definition ངོ་ཚ་མེད་པ་ནི། བདག་གམ་ཆོས་རྒྱུ་མཚན་དུ་བྱས་ནས་ཉེས་པ་ལ་འཛེམ་པ་མེད་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ངོ་ཚ་མེད་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང། གཏི་མུག་གི་ཆར་གཏོགས་པ་ཁ་ན་མ་ཐོ་བས་བདག་ལས་མ་འཛེམ་པ་སྟེ། ཉོན་མོངས་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ་ཞེས་གསུངས། དེ་ཡང་དཔེར་ན། དགེ་སློང་ལྟ་བུས་མྱོས་འགྱུར་གྱི་བཏུང་བ་དང་ཕྲད་པ་ན། མྱོས་འགྱུར་འདི་འཐུང་བ་ནི་བདག་གི་བྱ་བའི་ཆ་མ་ཡིན་ནོ་སྙམ་དུ་རང་རྒྱུ་མཚན་དུ་བྱས་ནས་ཉེས་པ་ལ་འཛེམ་པ་ནི་ངོ་ཚ་ཤེས་པ་ཡིན་ལ། དེའི་ལྡོག་ཕྱོགས་ལ་ངོ་ཚ་མེད་པ་ཞེས་བྱའོ། །
Domain ཆོས་ལུགས།
ངོ་ཚ་མེད་པ་ (3)
Part of speech མིང་ཚིག
Definition ཉེ་ཉོན་ཉི་ཤུའི་ནང་གསེས་ཤིག ཤེས་རབ་སྙིང་རྗེ་སོགས་ཡོན་ཏན་དང་དེ་དག་དང་ལྡན་པའི་ཡོན་ཏན་ཅན་རྣམས་ལ་མ་གུས་པ་ཉིད་དེ། ལུས་ངག་གི་བཀུར་སྟི་མི་བྱེད་ཅིང་། ཡིད་ཀྱིས་འཇིགས་ཤིང་བག་ཚ་བས་དབང་མི་སྒྱུར་བ་ཉིད་ནི་ངོ་ཚ་མེད་པ་ཉིད་དེ་གུས་པའི་མི་མཐུན་པའི་ཕྱོགས་སོ། །སྡེ་གཞན་གྱིས། རང་རྒྱུ་མཚན་དུ་བྱས་ཏེ་ཉེས་པ་ལ་འཛེམ་པ་མེད་པའོ། །ཞེས་འདོད་དོ། །དེ་ལའང་མི་འཇིགས་པར་ལྟ་བ་ནི་ཤེས་རབ་ཡིན་ལ། འཇིགས་པར་མི་ལྟ་ན་ནི་མ་རིག་པ་ཡིན་པའི་ཕྱིར་དེའི་རྒྱུ་ཉེ་བའི་ཉོན་མོངས་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །དེ་ཡང་ངོ་ཚ་མེད་པ་ནི་མཐོང་བ་དང་། སྒོམ་པས་སྤང་བྱ་རྣམ་པ་གཉིས་ཡིན་ཏེ། མི་དགེ་བ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཞན་ཡང་འདི་ཉིད་འདོད་པའི་ཁམས་ན་སྤྱོད་པ་ཁོ་ན་ཡིན་ལ། ངོ་བོ་ནི་མི་དགེ་བ་ཡིན་ནོ། །