15832

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅིར་ཡང་སྤྲུལ་པའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གཞན་སྣང་དུ་ཅིར་ཡང་སྤྲུལ་པའི་སྐུའི་གདུལ་བྱའི་དོན་དུ་གང་འདུལ་ཐབས་ལ་མཁས་པའི་ཕྲིན་ལས་ཀྱི་ལྡོག་ཆའི་ཁྱད་པར་ལ་བཤད་དོ། །དེ་ལའང་ལྡོག་ཆའི་སྒོ་ནས་དབྱེ་ན་ཉེར་ལྔ་ཡོད་དེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། རྫོགས་སྐུ་ཡོན་ཏན་ལྷུན་རྫོགས་ལ། སྤྲུལ་པ་འགྲོ་བ་ཐ་དད་འདུལ། ཅིར་ཡང་སྤྲུལ་སྐུའི་ཕྱག་རྒྱ་ཡིན། ༡ སངས་རྒྱས་འཁོར་བར་ལྟུང་མི་སྲིད། དོན་མཛད་དགོངས་ནས་སྐྱེ་བ་བཞེས། མ་སྲིད་སྲིད་པའི་ཕྱག་རྒྱ་ཡིན། ༢ མཚན་དཔེ་ཡོན་ཏན་འགྱུར་མི་སྲིད། ཐབས་ལ་དགོངས་ན་(ནས་)རང་མཐུན་སྟོན། མ་ངེས་པའི་སྤྲུལ་པའི་ཕྱག་རྒྱ་ཡིན། ༣ དོན་ལ་བརྣག་པ་བསྐྱེད་མི་སྲིད། སྣང་བསྒྱུར་དགོངས་ན་(ནས་)ཆ་ལུགས་ཁྲོས། སྤྲུལ་པ་ཁྲོ་བོའི་ཕྱག་རྒྱ་ཡིན། ༤ སྣང་སྲིད་ཡོངས་སུ་འཁོར་མི་སྲིད། སྲིད་པ་སྐྱོང་ཕྱིར་འཇིག་ཚུལ་སྟོན། རྟག་པར་སུན་ཕྱུང་ཕྱག་རྒྱ་ཡིན། ༥ རྒྱན་དང་ཆ་ལུགས་བྲལ་མི་སྲིད། འཁོར་བ་སྤངས་ཕྱིར་བྱི་དོར་སྤངས། མི་ཆགས་བརྟུལ་ཤུགས་ཕྱག་རྒྱ་ཡིན། ༦ སེམས་ལ་བག་ཆགས་གཡོ་མི་སྲིད། འགྲོ་འདུལ་དགོངས་ནས་རབ་ཏུ་བྱུང། རྣམ་དག་འདུལ་བའི་ཕྱག་རྒྱ་ཡིན། ༧ དོན་(ལ་)སྤང་བླང་ཡོད་མི་སྲིད། གཡང་(ས་)བསྐྱུར་ནས་འཁོར་ཚོགས་སྤངས། མི་ཡེངས་དོན་གྱི་ཕྱག་རྒྱ་ཡིན། ༨ སྐད་ཅིག་དོན་དང་བྲལ་མི་སྲིད། དཔེར་བསྟན་དགོངས་ནས་མཉམ་(པར་)བཞག མ་བཅོས་གཞི་ཡི་ཕྱག་རྒྱ་ཡིན། ༩ བོན་ཉིད་ཀློང་ལ་ཡངས་དོག་མེད། གོལ་སྐྱ་(སྐྱོན་)བསལ་ན་(ནས་)རྒྱུ་འབྲས་བརྩིས། རྣམ་པར་འབྱེད་པའི་ཕྱག་རྒྱ་ཡིན། ༡༠ སེམས་ལ་ཆགས་པ་འབྱུང་མི་སྲིད། རྟག་ཆད་བསལ་ཕྱིར་གཟུངས་མ་འཛིན། ཐབས་ཤེས་འབྲེལ་(བའི་)ཕྱག་རྒྱ་ཡིན། ༡༡ སྐྱོན་ལ་ཡོན་ཏན་རྒྱུར་མི་འགྱུར། གནས་སྐབས་མཚོན་ཕྱིར་མངོན་སྤྱོད་བསྟན། སྦྱོར་སྒྲོལ་རོལ་པའི་ཕྱག་རྒྱ་ཡིན། ༡༢ རང་ཕྱིར་འདོད་ཡོན་བླངས་མི་བྱ། གཞན་སྒྲིབ་སྦྱང་ནས་(ན་)བཞིན་མི་ཟློག སྤང་བླང་མེད་པའི་ཕྱག་རྒྱ་ཡིན། ༡༣ བྱང་ཆུབ་སེམས་ལ་བླང་དོར་མེད། གཞན་རྒྱུད་འདུལ་ནས་སྤང་བླང་བྱ། ཐབས་ལ་མཁས་པའི་ཕྱག་རྒྱ་ཡིན། ༡༤ ཡང་དག་དོན་ལ་གཅིག་བས་མེད། སེམས་ཅན་བླང་དོར་དུ་མར་སྟོན། འགྲོ་བ་འདུལ་བའི་ཕྱག་རྒྱ་ཡིན། ༡༥ སེམས་ཉིད་མ་བཅོས་ཚུལ་བཞིན་དུ། ལུས་ཀྱང་མ་བཅོས་མཉམ་གནས་ན། རང་བཞིན་ཆ་ལུགས་ཕྱག་རྒྱ་ཡིན། ༡༦ མཚན་༼མཚོན༽བྱའི་སྐུ་དང་དཀྱིལ་འཁོར་བཞེངས། དེ་བཞིན་བདག་གིས་བཅའ་བསྒྱུར་བའི། བསྐྱེད་པ་སྐུ་སྟོད་༼སྟོན་༽ཕྱག་རྒྱ་ཡིན། ༡༧ ཞི་བའི་ངང་ལས་ཁྲོས་པ་ཡིན། ༼ཡིས༽ ཕྱི་ནང་ལོག་རྟོག་ཚར་གཅོད་པ། རྫུ་འཕྲུལ་སྟོབས་ཀྱི་ཕྱག་རྒྱ་ཡིན། ༡༨ སྣང་སྲིད་སྐུ་རུ་དབང་འདུས་ཤིང་། ལོག་པའི་སྣང་བ་ཐུགས་རྗེས་བཟློག དབང་སྡུད་འདུལ་བའི་ཕྱག་རྒྱ་ཡིན། ༡༩ སྣོད་བཅུད་ཐུགས་རྗེས་བྱིན་བརླབས་ཤིང་། སྣང་སྲིད་ལྷ་རུ་རྒྱ་༼རྒྱས་༽ཐེབས་ན། ལོངས་སྤྱོད་གཏེར་ཁྱིམ་ཕྱག་རྒྱ་ཡིན། ༢༠ ལྷ་སྐུ་ཕྱག་རྒྱ་གསལ་ཐེབས་ན། ལྷ་སྲིན་ཀུན་ལ་མངའ་༼བཀའ་༽བརྩན་ཞིང། དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་ཡིན། ༢༡ ཏིང་ངེ་འཛིན་གྱི་ཟུང་ཆུང་༼ཟུངས་འཆུན༽ཞིང། དམིགས་པ་འབེན་ལ་གསལ་བཏབས་ན། ཐུགས་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཡིན། ༢༢ འགྲོ་བ་ཀུན་གྱི་བཀུར་ནས་༼གནས༽ཤིང་། ཕྱག་གིས་འོས་པར་མཆོད་བྱེད་ན། མི་ནུབ་རྒྱལ་མཚན་ཕྱག་རྒྱ་ཡིན། ༢༣ གང་གིས་བཅོས་སླད་བསྒྱུར་མེད་པར། གཡུང་དྲུང་བོན་ལ་མོས་བྱེད་ནས་༼ན༽ མི་འགྱུར་གཡུང་དྲུང་ཕྱག་རྒྱ་ཡིན། ༢༤ བཞི་བཅུ་རྩ་ལྔ་༼ལྔའི༽ཐུགས་ཉིད་ལ། སུམ་ཅུ་རྩ་བརྒྱད་རྟགས་བསྟན་པ། བཅའ་བསྒྱུར་སྐུ་བསྟོད་༼སྟོན་༽ཕྱག་རྒྱ་ཡིན། ༢༥ སྤྲུལ་པའི་ཕྱག་རྒྱ་ཉི་ཤུ་ལྔ། ཞེས་པས་སྤྲུལ་སྐུའི་ཕྱག་རྒྱ་ཉེར་ལྔ་བསྟན་ཏོ། །
Domain ཆོས་ལུགས།