15917
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་ཆུ་ཕྱི་ལོ་ ༡༦༦༢ ལོར་མདོ་སྨད་ཅོ་ནེའི་ཨ་གཟིགས་ཐང་དུ་ཡབ་ཧོར་ཚང་མགོན་པོ་བསམ་གྲུབ་དང་། ཡུམ་ལྷ་བཟའ་ལྷ་མོ་ཕྱུག་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་འདུལ་འཛིན་བློ་གྲོས་རྒྱ་མཚོ་དང་། མཁན་ཆེན་ཐབས་མཁས་རྒྱ་མཚོ་གཉིས་ལས་རབ་ཏུ་བྱུང་། མཚན་ལ་བློ་བཟང་དར་རྒྱས་ཞེས་གསོལ། དེ་གཉིས་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་ལ་བྱང་བར་བསླབས། ཅོ་ནེ་བཤད་སྒྲུབ་གླིང་གི་ཚོགས་གྲྭར་ཞུགས། གར་ཐིག་དབྱངས་གསུམ་སོགས་ལ་བྱང་ཆུབ་པར་མཛད། ཉི་ཤུ་བར་དབུས་སུ་ཕེབས། སེར་སྨད་དུ་ཞུགས། བསྡུས་གཞུང་དང་། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། རྗེ་ཕ་བོང་ཁ་པ་ངག་དབང་བསྟན་འཛིན་ལས་དགེ་ཚུལ་བསྒྲུབས། སོ་གཉིས་པར་སེ་ར་ཚོགས་ཆེན་དགེ་བསྐོས་མཛད། སོ་བཞི་པར་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་མཛད། སོ་ལྔ་པར་འཇམ་དབྱངས་གྲགས་པ་ལས་བསྙེན་པར་རྫོགས། སྟོད་རྒྱུད་གྲྭ་ཚང་དུ་ཕེབས། གསང་སྔགས་དང་ཆོ་ག་ཕྱག་ལེན་བཅས་སྦྱངས། སོ་བདུན་པར་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། སོ་དགུ་པར་རྒྱུད་པ་མཁན་པོའི་ཁྲིར་བཞུགས། ལོ་ངོ་དགུའི་རིང་བསྐྱངས། ཞེ་ལྔ་པར་ཤར་རྩེར་ཕེབས། ཞེ་དགུ་པ་རབ་བྱུང་བཅུ་གཉིས་པའི་ས་བྱི་ཕྱི་ལོ་ ༡༧༠༨ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་ངོ་བརྒྱད་རིང་བསྐྱངས། གཙུག་ལག་ཁང་སོགས་བཞེངས། གསང་སྔགས་མཁར། རིན་ཆེན་གླིང་། དྭགས་པོ་གྲྭ་ཚང་བཅས་ཞལ་འཛིན་གནང་། ང་དགུ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ཕྱི་ལོ་ ༡༧༢༠ ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས། བསྡུས་གྲྭ་ནས་བཟུང་ཕར་ཕྱིན་སྐབས་བརྒྱད་པའི་བར་ལོ་ངོ་བཞིའི་རིང་ཕུལ། རེ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ཕྱི་ལོ་ ༡༧༢༣ ལོར་སྐུ་གཤེགས། དངུལ་གདུང་ནི་དྭགས་པོ་རྣམ་གྲོལ་གླིང་གི་གཙུག་ལག་ཁང་དུ་བཞུགས། མཚན་གཞན་ལ་ཤར་རྩེ་བློ་བཟང་དར་རྒྱས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཞེ་དགུ་པ་ཡིན། |