15943

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོག་གྲྭ་གཉིས་པ་ངག་དབང་སྙན་གྲགས་དཔལ་བཟང་ (1)
Part of speech མིང་ཚིག
Definition རྗེ་ཅོག་གྲྭ་སྤྲུལ་སྐུ་མི་ཕམ་ངག་དབང་སྙན་གྲགས་དཔལ་བཟང་མཆོག་ནི། གཡོ་རུའི་ཡུལ་གྱི་སྟོད། བཟང་ཡུལ་གྲོང་གསར་དུ། ཡབ་ནང་སོ་གཡུང་དྲུང་རྒྱལ་པོ་དང་ཡུམ་བསོད་ནམས་བུ་ཁྲིད་ཀྱི་སྲས་སུ། རབ་བྱུང་བཅུ་པའི་ས་རྟ་ ༡༦༡༨ ལོར་སྐུ་འཁྲུངས། རྒྱལ་དབང་དཔག་བསམ་དབང་པོའི་ཞལ་སློབ་སྤྲུལ་སྐུ་རྣམ་གསུམ་ནང་གི་གཅིག་ཡིན། དགུང་ལོ་བཞི་ཙམ་པའི་དུས་བསྟོད་ཚོགས་འགའ་རེ་དང༌། ཡི་གེའི་ཕྱི་མོ་སུམ་ཅུ། རི་མོ་རྣམས་རང་བྱུང་དུ་མཁྱེན། གོང་མའི་ཞལ་སློབ་བགྲེས་པོ་མཇལ་དུ་ཕྱིན་པས། བསམ་གྲུབ་རྣམ་རྒྱལ་ཡིན་པ་འདུག་གསུང་ངོ་ཤེས། རྒྱལ་དབང་དཔག་བསམ་དབང་པོས། རྗེ་གོང་མའི་སྤྲུལ་སྐུར་ངོས་བཟུང༌། གཙུག་ཕུད་བཞེས་ཏེ། མཚན་ངག་དབང་སྙན་གྲགས་དཔལ་བཟང་པོར་གསོལ། དྲུག་པར། གདན་སར་མངའ་གསོལ་རྟེན་འབྲེལ་རྒྱས་པ་མཛད། དུས་ཞབས་ཆེན་པོ་དཔལ་རྒྱས་ལོ་ཙཱ་བ་སློབ་དཔོན་དུ་བསྟེན་ནས། སྒྲ་སྙན་ངག རྩིས་དཀར་ནག་སོགས་ཐུན་མོང་གི་རིག་གནས་དང༌། མདོ་སྔགས་ཀུན་ལ་ཐོས་བསམ་མཐར་ཕྱིན་མཛད། བཅོ་བརྒྱད་པར་རྒྱལ་དབང་དཔག་བསམ་དབང་པོས་མཁན་པོ་དང༌། རྗེ་མི་ཕམ་བློ་གྲོས་ཀྱིས་ལས་སློབ་མཛད་དེ་བསྙེན་པར་རྫོགས། རྒྱལ་དབང་མཆོག་རིགས་ཀྱི་བདག་པོར་བསྙེན་ཏེ། འབྲུག་ལུགས་གཙོ་བོར་གྱུར་པའི་སྨིན་གྲོལ་གྱི་རིམ་པ་རྣམས་གསན་བཞེས་གནང་། ཆོས་རྗེ་མི་ཕམ་བློ་གྲོས་ལ། ཚེ་དབང་གྲུབ་རྒྱལ་ལུགས། བཅུ་གཅིག་ཞལ་འཇའ་ཚོན་སྙིང་པོའི་གཏེར་ལུགས་ཀྱི་དབང་རྣམས་གསན། ཚེ་བདག་དཔའ་བོར་གྲགས་པ་ལའང་རྙིང་མའི་བཀའ་གཏེར་སྐོར་མང་པོ་གསན། ཅོག་གྲྭའི་བསྟན་པ་ལ་གཟིགས་དགོས་པའི་ཞུ་ནན་ངོར། རྒྱལ་དབང་དྲུག་པ་མི་ཕམ་དབང་པོ་རྩ་འཛིན་ཁྲི་གསོལ་དང༌། ཚེ་དཔག་མེད་གོང་ཁུག་མ། ཚེ་རིང་མཆེད་ལྔའི་རྗེས་གནང༌། གུ་དྲག་ཀཱི་ལ་ཡ། དཔལ་ལྡན་དུད་སོལ་མའི་གསང་སྒྲུབ་རྔོག་ལུགས་སོགས་དབང་བྱིན་རླབས་བཀའ་གཏད་སོགས་དུ་མ་ཕུལ། གྲུབ་དབང་སྤྲུལ་སྐུའི་གཙུག་ཕུད་བཞེས་ཤིང་བསླབ་སྡོམ་བསྩལ་ཏེ། ཟབ་རྒྱས་ཆོས་འཁོར་ཡུན་རིང་པོར་བསྐོར་ཏེ། སློབ་མ་གྲངས་ཀྱིས་མི་ཆོད་པ་རྗེས་སུ་བཟུང༌། གྲྭ་དོན་གྲུབ་མཐོང་སྨོན་གཙུག་ལག་ཁང་གསར་བཞེངས་དང༌། བཀའ་བརྒྱུད་གསེར་ཐང་ཐོག་ཚད་མ་བཅུ་བདུན། མགོན་མང་བྲིས་ཐང་བཅུ་གསུམ་སོགས། རྟེན་གསུམ་གསར་བཞེངས་རྒྱ་ཆེར་གནང༌། དགུང་ལོ་རེ་གསུམ་པ་ལྕགས་སྤྲེལ་ ༡༦༨༠ ལོའི་ཟླ་བ་དང་པོའི་ཚེས་ཉེར་བདུན་ཉིན་གཟུགས་སྐུའི་བཀོད་པ་བསྡུས་སོ། །མཁས་བཙུན་བཟང་གསུམ་ལ་ཟླ་མེད་པར་གྲགས་པས། གསུང་རྩོམ་ཡང་གནས་བརྟན་བཅུ་དྲུག་གི་རྟོགས་པ་བརྗོད་པ་ཛམྦུའི་སྙེ་མ་དང༌། འཇིག་རྟེན་བསྟན་བཞག གཞན་ཡང་གསུང་མགུར། ཞལ་གདམས། ཆབ་ཤོག ཆོག་སྐོར་སོགས་ལེགས་བཤད་མང་པོ་བཞུགས། སློབ་མ་ནི། སྟག་རྩེ་སྐུ་སྐྱེ་བྱ་བཏང་མི་ཕམ་ཕུན་ཚོགས་ཤེས་རབ། ཨ་རྫོང་སྐུ་སྐྱེ་སྒྲུབ་བརྒྱུད་ཡར་འཕེལ། དུང་ལ་སྐུ་སྐྱེ་བགྲེས་གཞོན་གཉིས། བྱ་བཏང་གྲུབ་ཆེན་བཀྲ་ཤིས་རྒྱ་མཚོ། རྟོགས་ལྡན་ཀུན་དགའ་རྒྱ་མཚོ། གྲུབ་ཆེན་ངག་དབང་ཆོས་འཕེལ། གསང་གླིང་བླ་མ་བསྟན་རྒྱམ། ཁམས་པ་བླ་མ་ངག་དབང་བཀྲ་ཤིས། བླ་མ་བསམ་གྲུབ་ཆོས་རྫོང༌། དགེ་བཤེས་འཛམ་འབྲུག དགེ་སློང་འབྲུག་རྡོ་རྗེ། དབུ་མཛད་ཕྲིན་ལས་རྡོ་རྗེ། དགེ་སློང་བསྟན་འཕེལ་སོགས་མཁས་གྲུབ་ཚད་ལྡན་མང་ངོ༌། །

{{#arraymap:ཅོག་གྲྭ་གཉིས་པ་ངག་དབང་སྙན་གྲགས་དཔལ་བཟང་

|; |@@@ | | }}