15945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོག་གྲྭ་དང་པོ་སེམས་དཔའ་རིན་ཆེན་དཔལ་བཟང་ (1)
Part of speech མིང་ཚིག
Definition གཡོར་པོ་གྲྭ་ཡི་ཡུལ་གྲུར། གཙུག་ལག་རྩིས་ཀྱི་འབྱུང་ཁུངས་ཆེན་པོ་ཕུག་པ་བ་ཞེས་པའི་རིགས་རྒྱུད་དུ། ཡབ་དཔལ་འབྱོར་ཕུན་ཚོགས་དང༌། ཡུམ་སྒྲོལ་མ་རྒྱལ་མོ་གཉིས་ཀྱི་སྲས་སུ། རབ་བྱུང་དགུ་པའི་མེ་བྱ་ ༡༥༣༧ ལོར་སྐུ་འཁྲུངས། མཚན་དཔལ་གྱི་སེངྒེར་བཏགས། སྐུ་ན་ཕྲ་མོ་ནས་དམ་པའི་མཛད་སྤྱོད་བསྟན་པས་ཆོས་རྗེ་ཞེས་འབོད། བཅུ་པར། རྗེ་བཙུན་ཀུན་དགའ་གྲོལ་མཆོག་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་དཔལ་མཆོག་གསོལ། སྔ་ཕྱིར་དཀྱིལ་ཆོག་རྡོར་ཕྲེང་དབང༌། ཤངས་ཆོས་སྐོར་སོགས་གསན། ཡབ་ཆོས་ཀྱི་བརྒྱུད་འཛིན་དག་ལས། འབྲི་ཀློག་དང་སྐར་རྩིས་ལ་སྦྱོང་བརྡར་དང༌། གཞུང་ལུགས་སྨྲ་བའི་དབང་པོ་པདྨ་ཆོས་སྐྱོང་ལས། པད་དཀར་ཞལ་ལུང་ཟུར་བཀོལ་གྱིས་བརྒྱན་པ་སོགས་སྐར་རྩིས། འགྲེལ་པ་མཆོག་དགའ་སོགས་དབྱངས་འཆར་གྱི་སྐོར། རྒྱ་རྩིས་སྤྱིར་འགྱུར་ལུགས་དགུར་གྲགས་པ་དང༌། བྱེ་བྲག་འབྱུང་བ་རིན་ཆེན་གསལ་སྒྲོན་སོགས་གཙུག་ལག་མཐའ་དག་ལག་ལེན་བཅས་པར་བསླབས། བཅུ་བདུན་པར་རྒྱལ་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེར་བར་མ་རབ་བྱུང་ཞུས། མཚན་ཀརྨ་སྲུང་བར་བཏགས། ཉི་ཤུའི་ནང་དབུས་ཕྱོགས་བདེ་གཟར་སྐབས། སྡེ་པ་ཡར་རྒྱབ་པའི་མི་རོས་རྐྱེན་བསྐུལ་ནས། སྒྲུབ་པ་གཤའ་མ་མཛད་པའི་ཐུགས་ཐག་ཆོད། སུམ་ཅུ་པ་ལ་རྗེ་པདྨ་དཀར་པོར་མཇལ། དགེ་ཚུལ་གྱི་བསླབ་པ་མནོས་ཏེ། མཚན་རིན་ཆེན་དཔལ་བཟང་དུ་བཏགས། འབྲུག་ལུགས་གདམས་ཟབ་སྐོར་ལྔ་སོགས་དབང་རྒྱུད་ལུང་མན་ངག་མང་དུ་གསན། ཨོ་རྒྱན་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་འགྲེལ་ཆེན་བཞིས་བརྒྱན་ཏེ་བསྩལ། སོ་བདུན་པ་ལ་ཀུན་མཁྱེན་མདུན་ནས་བསྙེན་པར་རྫོགས། བཙུན་པའི་དཔེར་འདྲེན། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ། སློབ་དཔོན་ངག་དབང་བློ་གྲོས། འཕན་པོ་རབ་འབྱམས་པ་ཆོས་གྲུབ་དཔལ་བཟང༌། ཀོང་པོ་མཚོ་མཇུག་སྤྲུལ་སྐུ། རྡོར་འཛིན་ཀུན་དགའ་སྙིང་པོ་སོགས་ལས་རྒྱུད་སྒྲུབ་སྐོར་དཀའ་འགྲེལ་མཐའ་ཡས་པ་ཞིག་གསན། སོ་བརྒྱད་པར། ཅོག་གྲྭ་རྙིང་པའི་མགོན་དུ་མངའ་གསོལ་མཛད། རིམ་བཞིན་བྱར་དྭགས། དེ་ཝི་ཀོ་ཊི། ཡར་འབྲོག དབུས་ཡེར། སྐྱིད་ཤོད་ལ། འཕན་ཡུལ། སྟག་ལུང༌། བྱང་རྭ་སྒྲེང་ཚུན་གྱི་ལྷ་སྡེ་མི་སྡེ་མཆོག་དམན་མཐའ་དག་ལ། ཆོས་སྦྱིན་རྒྱུན་མར་བསྩལ། ཞེ་བཞི་པ་ལྕགས་འབྲུག་ལོར། ས་སྐྱོང་ཡར་རྒྱབ་པས་སྒྲུབ་སྡེ་ཞིག་འདེབས་ན། དགེ་འདུན་བརྒྱ་དང་བརྒྱད་ཀྱི་གསོལ་ཆས་དོད། མཆོད་གཞིས་སྦྱོར་རྒྱུའི་ཞུ་ནན་ཕུལ་བ་ལྟར། གྲྭ་སྡིངས་པོ་ཆེ་སྒྲུབ་སྡེ་དོན་གྲུབ་མཐོང་སྨོན་ཆག་བཏབ། རྟེན་གཙོར། རྗེ་ཆོས་ཀྱི་མགོན་པོའི་ཐུགས་སྙིང་པོར་བཞུགས་པའི་རྡོ་རྗེ་འཆང་གི་སྐུ་སོགས། སྐུ་གསུང་ཐུགས་རྟེན་འགྲན་ཟླ་དང་བྲལ་བར་གྲུབ། བདེ་ཕག་གཉིས་ཀྱི་སྒྲུབ་མཆོད་བཙུགས། བརྒྱད་ཅུ་རྩ་གཅིག་པ་མེ་སྦྲུལ་ ༡༦༡༧ ལོར། སྐྱིལ་ཀྲུང་དང་མཉམ་བཞག་མཛད་བཞིན་སྐུ་དྲང་པོར་བཞུགས་ཏེ་ཞི་བར་གཤེགས་སོ། །ཞལ་སློབ་གཙོ་བོ། དཔག་བསམ་དབང་པོ། རྗེ་ལྷ་རྩེ་ཞབས། མཁས་དབང་སངས་རྒྱས་རྡོ་རྗེ། པཎ་ཆེན་ལྷ་དབང་བློ་གྲོས། སྤྲུལ་སྐུ་པད་དཀར་དབང་པོ། སྟག་རྩེ་ནས་ཆོས་རྗེ་སྐུ་སྐྱེ་རིན་པོ་ཆེ། ཆོས་རྗེ་རྒྱལ་སྟོན་པ་སངས་རྒྱས་དཔལ་བཟང༌། ཀུན་ལེགས་སྲས་ཞིང་སྐྱོང་འབྲུག་གྲགས། མཚོ་མཇུག་བླ་མ་ཐུགས་རྗེ་གྲགས་པ་སོགས་མང་པོ་བྱོན་པའོ། །

{{#arraymap:ཅོག་གྲྭ་དང་པོ་སེམས་དཔའ་རིན་ཆེན་དཔལ་བཟང་

|; |@@@ | | }}