15946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཅོག་གྲྭ་བདུན་པ་ངག་དབང་ཆོས་ཀྱི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཅོག་གྲྭའི་སྐུ་ཕྲེང་བདུན་པ་ངག་དབང་ཆོས་ཀྱི་རྒྱལ་མཚན་མཆོག་ནི། རྗེ་འདིའི་མཛད་རྣམ་ཡང་ཞིབ་པར་མ་མཇལ་ཏེ། བླ་མའི་གཙོ་བོར་ཡོངས་འཛིན་དྲུག་པ་ཤེས་བྱ་ཀུན་མཁྱེན་དང༌། ཁམས་སྤྲུལ་དྲུག་པ་བསྟན་པའི་ཉི་མ་ཟུང་ལ་བསྟེན། གཞན་ཡང་ཤཱཀྱ་ཤྲཱི་ལའང་བསྟེན་པ་གསལ་ཞིང༌། དཔལ་འབྲུག་པའི་དབང་བརྒྱུད་མན་ངག་གཙོ་བོར་གྱུར་པའི་མདོ་སྔགས་ཡོངས་རྫོགས་ཀྱི་བདག་པོར་གྱུར་ནས། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་དང༌། ཆོས་མགོན་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་རྒྱ་མཚོ། ལ་དྭགས་འཁྲུལ་ཞིག་པདྨ་ཆོས་རྒྱལ། འཛི་སྒར་གྲུབ་དབང་དཔག་བསམ་རྒྱ་མཚོ་སོགས་སློབ་ཚོགས་མང་པོར་བརྒྱུད་པའི་སྨིན་གྲོལ་གྱི་རིམ་པ་ཕ་ཕོགས་སུ་བསྩལ་བའི་བཀའ་དྲིན་ཆེ་བའི་དབང་བརྒྱུད་ཀྱི་བླ་མ་ཞིག་ཡིན། ཁྱད་པར་འཁྲུལ་ཞིག་པདྨ་ཆོས་རྒྱལ་ལ་ཅོག་གྲྭ་བསྟན་པའི་ཉི་མས་བཙུགས་གནང་བའི་སྒྲུབ་སྡེ་ཆགས་ཤུལ་དུ། ཅོག་གྲྭ་སྐུ་ཕྲེང་བརྒྱད་པའི་སྐབས་སྒྲུབ་སྡེ་ཞིག་འཛུགས་ངེས་ཡིན་པས་དེ་དུས་ཁྱེད་ཀྱིས་ཁྲིད་ཁ་གནང་དགོས་ཞེས་ཞལ་ཆེམས་ལུང་བསྟན་གནང་བར་གྲགས། སྡིངས་ཆེར་རྒྱུད་སྡེའི་སྒྲུབ་མཆོད་ཁག་བཙུགས་ཏེ། དཀྱིལ་འཁོར་བྲི་ཐིག གཏོར་བཟོ་དཀར་རྒྱན། འདོན་རྟ་དབྱངས་སོགས་ཚུལ་དང་མཐུན་པར་ལེགས་སྒྲིག་གནང༌། ཇོ་ཁང་དང་དངུལ་གདུང་ལྷ་ཁང་རྟེན་དང་བརྟེན་པ་བཅས་དང༌། དགོན་གྱི་མདུན་དུ་བྱང་ཆུབ་མཆོད་རྟེན་ཐོག་བརྩེགས་དྲུག་ཙམ་བྱས་པ་ཞིག་གསར་བཞེངས་མཛད་པས་མཚོན་བསྟན་འགྲོའི་དོན་མཛད་པའི་རྣམ་ཐར་བརྗོད་ལས་འདས། དགུང་ལོ་དྲུག་ཅུ་རེ་བཞི་ཙམ་བཞུགས་པར་བཤད་དོ། །