16012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆ་གཉིས་བསྲེ་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག གླེང་གཞི་ནི་མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཆ་གཉིས་བསྲེ་བའི་སྟན་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་སྟེ་དཀོན་ཞིང་རིན་ཆེ་བ་དང་། རང་དོན་ཡན་ལག་ཏུ་དགོས་པས་ཞེས་པ་དང་། དོན་དང་བྱ་བ་མང་བ་སྟེ་ལུང་ལས་བྱ་བ་མང་བ་དང་བྱེད་པ་མང་བར་གྱུར་ཅིང་ཞེས་གསུངས་པ་དང་། ཕྱེད་བྱས་པའི་འཕྲོ་བྱེད་པ་ལ། ལྟུང་བ་མི་རྫོགས་པར་གསུངས་པས་ཤེས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྟན་གྱི་རྒྱུའི་བཞི་ཆ་གཉིས་བལ་ནག་དང་དཀར་པོ་དང་འཁོབ་བལ་བསྲེས་ཏེ་སྟན་བྱེད་པ་གནང་བ་ལས་བལ་ནག་པོ་སྲང་ཕྱེད་ཡན་ཆད་ལྷག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས། འདི་ལ་བཞི་ལས། གཞི་ལ་དངོས་པོ་ནི་ལུག་གི་བལ་ནག་པོ་ཕྱེད་དང་། དཀར་པོ་དང་འཁོབ་བལ་ཕྱེད་ལས་ནག་པོ་སྲང་ཕྱེད་ཅིང་ལྷག་པ་ཡིན་པ་རུང་བ་ཚད་དང་ལྡན་པ་གསར་པ་ཡིན་པ་དམན་པ་དང་མ་འདྲེས་པ་རང་གི་ཡིན་པ། སྔར་གཞན་གྱིས་བཟོ་རྩོམ་མ་བྱས་པའོ། །གནས་ནི་ལུག་གི་བལ་ནག་པོ་ཕྱེད་དང་། དཀར་པོ་དང་འཁོབ་བལ་ཕྱེད་ལས་ནག་པོ་སྲང་ཕྱེད་ཅིང་ལྷག་པའི་རིན་ཆེ་བའི་གནས་ཡིན་པའོ། །ཀུན་སློང་སྟན་བྱེད་པར་འདོད་པའོ། །སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པའོ། །མཐར་ཐུག་བཀོད་དེ་བཀྲམ་པ་ཡོངས་སུ་རྫོགས་པའོ། །ཞེས་དང་། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། བལ་ནག་པོ་ཆ་གཉིས། དཀར་པོ་ཆ་གཅིག འཁོབ་བལ་ཆ་གཅིག་སྟེ་བཞི་བསྲེས་ནས་གདན་བྱེད་པ་ལ་ལྟུང་བ་མེད་ལ། དགེ་སློང་གིས་ནག་པོ་ཆ་གཉིས་ལས་ལྷག་པ་བསྲེས་པའི་གདན་བརྩམ་ནས་མཐར་ཕྱིན་པའི་བཅས་པའི་ཁ་ན་མ་ཐོ་བ་འདིའི་མཚན་གཞི་ཡིན་ཏེ། དེ་དག་ཕྱེད་པས་ལྷག་པ་ཉིད་ནའོ། །ཞེས་དང་། དཀར་ནག་འཁོབ་བལ་དཀར་པོ་ནི། །སྲང་ཕྱེད་ཙམ་གྱི་ཉུང་བ་ཞིག ། བྱས་ནས་གསར་པ་རྩོམ་བྱེད་ན། དེ་ལ་ལྟུང་བར་ཐེ་ཚོམ་མེད། །ཅེས་གསུངས་པའི་ཕྱིར། བལ་ནག་པོ་ནི་རྩོལ་སྒྲུབ་དཀའ་བའི་རྒྱུ་མཚན་གྱི་དེ་ལྟར་བཅས་པ་མཛད་ལ། རྩོལ་སྒྲུབ་མ་དགོས་པར་གཞན་གྱི་འབུལ་མཁན་བྱུང་ན་གདན་གསུམ་ཀ་ལ་ཅི་བདེར་ལོངས་སྤྱད་པས་ཆོག་སྟེ། གཞན་ལས་རབ་ཏུ་ཐོབ་པ་ནི། །ཅི་བདེ་བར་ཡང་ལོངས་སུ་སྤྱད། །ཅེས་གསུངས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཆ་གཉིས་བསྲེ་བའི་སྤང་ལྟུང་

|; |@@@ | | }}