16545
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་ནག་དབུ་མ་བའི་སློབ་དཔོན་ཞིག་སྟེ། མཚན་དངོས་ཋེང་ཀྭེན་ཞེས་བྱ་སྟེ་བོད་སྐད་དུ་དྲི་མེད་གཟིགས་ཞེས་བྱ་ལ། ཐང་རྒྱལ་རབས་མིང་ཧུའང་གི་དུས་སུ་བྱུང་། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། སྲིད་སྲུང་ལ་སོགས་པ་ཐམས་ཅད་ལ་ཤིན་ཏུ་མཁས་པ། བྱང་ཆུབ་ཀྱི་སེམས་པ་སྐྱེ་སྟོབས་སུ་ལྡན་པ། རྒྱ་གར་དུ་མ་ཕྱིན་ཀྱང་ལེགས་སྦྱར་གྱི་སྐད་ལ་རྒྱ་གར་མཁས་པ་དང་མཉམ་པས་ལོ་ཙྭ་མཛད་པར་གཞན་དྲིང་མི་འཇོག་པ། སྐུ་བོང་སྲིད་དུ་ཁྲུ་དགུ་དང་ཚུན་བཞི་ལོངས་པ། ཕྱག་གཉིས་པུས་མོ་འདའ་བ། དུས་ཚེམས་བཞི་བཅུ་ཚང་པ། སྤྱན་མི་འཛུམ་པ་སོགས་མཚོན་དཔེ་མང་པོས་བརྒྱན་པ་མཐོང་པ་ཙམ་གྱིས་མཆོག་དམན་ཐམས་ཅད་ཀྱི་ཡིད་འཕྲོག་པ། རྒྱ་ནག་གི་ཟབ་མོ་ལྟ་བརྒྱུད་ལ་གཉིས་སུ་ཕྱེ་བའི་ཡ་གྱལ་ཥེའན་ཤིའུ་བརྒྱུད་པར་ཀླུ་སྒྲུབ་གཉིས་པ་ལྟ་བུ། བོད་ཀྱི་རྗེ་རིན་པོ་ཆེ་དང་དབྱིབས་མཚུངས་པ། དོན་ལ་གནས་པའི་འཇམ་དཔལ་གྱི་སྤྲུལ་པར་གྲགས་པ་ཆེ་བར་ངེས། ཐང་སུ་ཙུང་རྒྱལ་པོའི་བཀའ་བཞིན་མདོ་ཕལ་མོ་ཆེ་ཁ་ཆེ་པཎྜི་ཏ་པྲཛྙཱའི་འགྱུར་འཕྲོ་ཐོགས་མེད་དུ་བསྒྱུར། ཆོས་ཀྱི་དབྱིངས་སུ་ལྟ་བ་ཟབ་དོན་བསྒོམ་པའི་མེ་ལོང་ཞེས་བྱ་བ་དང་། མེ་ལོང་སྒྲོན་མའི་བསྟན་བཅོས། བྱང་ཆུབ་ལམ་གྱི་རིམ་པ་འཇུག་སྒོ་ལྔ་པ། ཕལ་ཆེན་ཌིཀྐས་གཙོ་བྱས་སྡེ་སྣོད་གསུམ་ཀའི་གསལ་བྱེད། འཐོར་སྡུག གབ་ཕྱུང་གི་རིགས་བཅས་ཁྱོན་སྡོམ་བམ་པོ་གསུམ་བརྒྱ་ལྷག་མཛད། ཁྱད་པར་དུ་ཕལ་ཆེན་ལ་རྒྱ་ནག་ཏུ་འདི་བས་མཁས་པ་མ་བྱུང་སྐད། རྒྱལ་པོ་འཁོར་བཅས་ལ་སྡོང་པོ་བཀོད་པའི་མདོ་ལན་གཉིས་སུ་ཞིབ་བཤད་ཕུལ་བ་སོགས་ཚོགས་བཤད་ལན་མང་མཛད། ཐང་རྒྱལ་རབས་ཀྱི་དའི་ཙུང་དང་། ཏེ་ཙུང་། ཞུང་ཙུང་། ཥིའན་ཙུང་། མཱུ་ཙུང་། ཅིང་ཙུང་། ཝེབ་ཙུང་སྟེ་རྒྱལ་པོ་རབས་བདུན་གྱི་སློབ་དཔོན་དུ་གྱུར། རི་བོ་རྩེ་ལྔ་སྟེ་ཆིང་ལྱང་རི་བོར་གཏན་བཞུགས་ཆེ་བའི་ཆིང་ལྱང་གཽ་ཤྲིའི་མཚན་ཕུལ། ཆིང་ལྱང་རི་བོ་ཞེས་པ་བོད་སྐད་དུ་རི་བོ་དྭངས་བསིལ་ཞེས་པའོ། །དགུང་ལོ་བརྒྱ་དང་གཉིས་ལ་གཟུགས་སྐུའི་བཀོད་པ་བསྡུས་སོ་ཞེས་རྒྱ་ནག་ཆོས་འབྱུང་ལས་གསུངས། |