16600
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཐལ་འགྱུར་པ། སྤྱིར་ཆུའི་སྟེང་དུ་རྣག་ཁྲག་མེད་ཀྱང་། ཡུལ་དུས་ཁྱད་པར་ཅན་འགའ་ཞིག་ཚེ་ཡོད་ཅིང་དེ་རྟོགས་པའི་ཚད་མ་ཡང་ཡོད་དེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། འོ་ན། རྣག་ཁྲག་དངོས་གནས་པ་ལ་ཚད་མར་སོང་བ་ཡོད་དམ་མེད་ཅེ་ན། ཡི་དྭགས་ཀྱི་ཡང་ལས་འབྲས་མི་བསླུ་བས་དངོས་གནས་པ་ལ་ཚད་མར་སོང་བ་ཡོད་ཅེས་རྒལ་ལན་གྱི་སྒོ་ནས་གཏན་ལ་འབེབས་པ་ཡིན་ནོ། །དེ་ཡང་མི་ཡུལ་ནས་བླངས་པའི་ཆུ་དྭངས་ཤིང་དྲི་མ་མེད་པ་ཕོར་གང་དངོས་པོ་གསུམ་པོ་དེ་ལ་ལོངས་སྤྱོད་པའི་ལས་བསགས་པའི་ནུས་པ་སྨིན་པའི་འགྲོ་བ་གསུམ་གྱིས་ཅིག་ཅར་དུ་བལྟས་པའི་ཚེ། ཆུ་ཕོར་གང་པོ་དེའི་ཆ་ཤས་སྔ་མ་གཅིག་གིས་ཉེར་ལེན་དང་ཡི་དྭགས་ཀྱི་ལས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་དེའི་ཆ་ཤས་ཕྱི་མ་ཞིག་རྣག་ཁྲག་ཏུ་སྐྱེ་བ། དེ་བཞིན་དུ་དེའི་ཆ་ཤས་སྔ་མ་ཞིག་གིས་ཉེར་ལེན་དང་ལྷའི་ལས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་དེའི་རིགས་འདྲའི་ཆ་ཤས་ཕྱི་མ་ཞིག་བདུད་རྩིར་སྐྱེས། དེའི་ཆ་ཤས་སྔ་མ་ཞིག་གིས་ཉེར་ལེན་དང་མིའི་ལས་དེས་ལྷན་ཅིག་བྱེད་རྐྱེན་བྱས་ཏེ་རིགས་འདྲ་ཕྱི་མ་ཆུ་རང་དུ་སྐྱེས་ཏེ། རླན་ཞིང་གཤེར་བ་ཕོར་གང་པོ་ཆ་ཤས་གསུམ་ལྡན་དང༌། འགྲོ་བ་གསུམ་གྱི་བལྟ་བྱ་ཐུན་མོང་བར་འགྱུར་ཞིང༌། ཞེས་དང་། ཚུལ་འདིའི་དཔེ་ཡང་ཡོད་དེ། ལྕགས་གོང་དམར་འབར་བ་ལ་རིག་སྔགས་ཀྱིས་བཏབ་པའི་ཆུས་བཀྲུས་པའི་ལག་པས་རེག་ན་མི་འཚིག་པའི་རེག་བྱ་ཚ་བ་མ་ཡིན་པ་ཞིག་སྐྱེ། དགུན་དུས་སུ་ཉི་མའི་འོད་ཟེར་གཅིག་གིས་ཉེར་ལེན་དང་ཡི་དྭགས་ཀྱི་ལས་ཀྱིས་ལྷན་ཅིག་བྱེད་རྐྱེན་ལས་ཡི་དྭགས་ཀྱི་མྱོང་བྱར་གྱུར་པའི་གྲང་རེག་དང༌། དཔྱིད་དུས་སུ་ཟླ་བའི་རེག་བྱའི་ཆ་ཤས་ཤིག་གིས་ཉེར་ལེན་དང་ཡི་དྭགས་ཀྱི་ལས་ཀྱིས་ལྷན་ཅིག་བྱེད་རྐྱེན་ལ་བརྟེན་ནས་དེའི་ལུས་ཤེས་ཀྱི་མྱོང་བྱར་གྱུར་པའི་ཚ་རེག་སྐྱེ་བའི་དཔེ་སོགས་དཔེ་དང་ལུང་རིགས་དུ་མས་འགྲུབ་པའི་ཕྱིར། དེ་སྐད་དུ་ཡང་བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང༌། །ཞེས་གསུངས་པའི་ཕྱིར། སྤྱིར་དངོས་པོ་གསུམ་ཕན་ཚུན་གོ་ས་འགོག་ནུས་དང༌། ཐུན་མོང་དུ་བལྟས་པའི་ཡུལ་དུས་ཁྱད་པར་ཅན་གྱི་ཚེ་གོ་ས་འགོག་ནུས་མ་ཡིན་པ་དང༌། ཡུལ་དུས་ཁྱད་པར་ཅན་གྱི་ཚེ་མ་གཏོགས་སྤྱིར་ཉི་མའི་སྟེང་ན་གྲང་རེག་མེད་པ་དང༌། ཟླ་བའི་སྟེང་དུ་ཚ་རེག་མེད་པ་སོགས་ཁས་ལེན་དགོས་སོ། །ཡང་རི་རབ་གཅིག་གི་གོ་སར་དེ་ཟླུམ་པོ་དང་གྲུ་བཞི་གཉིས་ཀ་ཡོད་པ་དང༌། དེ་གཉིས་ཕན་ཚུན་གོ་ས་འགོག་ནུས་དང༌། དུས་འཁོར་དང་མངོན་པའི་ཆེད་དུ་བྱ་བའི་གདུལ་བྱ་གཉིས་ཀྱིས་ཅིག་ཅར་དུ་བལྟས་པའི་ཚེ་དེ་ལྟར་མ་ཡིན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |