16681

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆུ་དཀར་ཞབས་དྲུང་དགེ་འདུན་བྱང་ཆུབ་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ས་འབྲུག་ཕྱི་ལོ་ ༡༨༦༨ ལོར་སྐུ་འབུམ་མཆོད་གཞིས་གཡེར་མོ་ཐང་གླང་ཆེན་ར་སྡེ་བར་ཡབ་ཝང་ཆི་ཤང་དང་། ཡུམ་པད་མ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། བརྒྱད་པར་སྐུ་འབུམ་རང་སྒར་དུ་གདན་སར་འཁོད། དཀའ་ཆེན་བྱང་ཆུབ་རིན་ཆེན་ལས་རབ་ཏུ་བྱུང་། ཀླུ་འབུམ་རབ་འབྱམས་པ་ཡེ་ཤེས་དགེ་ལེགས་ཀློག་གི་སློབ་དཔོན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། བཅུ་གསུམ་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན་བཅས་སྦྱངས། བཅོ་བརྒྱད་པར་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་དཔྱིས་ཕྱིན་པར་མཛད། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་མདུན་ནས་དགེ་ཚུལ་སློང་གི་སྡོམ་པ་མནོས། རི་ཁྲོད་པ་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་བཀའ་འགྱུར་གྱི་ལུང་སོགས་དང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་བཤད་ལུང་ཁྲིད་དང་། རྗེས་གནང་མང་པོའི་རྒྱུན་གསན། རབ་བྱུང་བཅོ་ལྔ་པའི་ས་གླང་ཕྱི་ལོ་ ༡༨༨༩ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། འཆད་ཉན་ལེགས་པར་བསྐྱངས། ཉེར་བཞི་པ་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ཕྱི་ལོ་ ༡༨༩༠ ལོར་སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་གྱི་བྱ་བ་གང་ལེགས་མཛད། འདས་ལོ་མི་གསལ། སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ང་བདུན་པ་དང་། རྒྱུད་པ་མཁན་པོའི་ཁྲི་རབས་རེ་བརྒྱད་པ་ཡིན།