17504

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཀྱི་བདག་འཛིན་ (1)
Part of speech མིང་ཚིག
Definition མདོ། ཐེག་ཆེན། བདག་འཛིན་གཉིས་ཀྱི་ཡ་གྱལ་ཏེ། ཐོག་མ་མེད་པ་ནས་གོམས་པའི་ལྷན་སྐྱེས་ཀྱི་མ་རིག་པའི་དབང་གིས་སྣང་བའི་གཟུགས་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་རང་གི་མཚན་ཉིད་དུ་བདེན་པར་ཞེན་སྟེ། ཆོས་ཀྱི་བདག་འཛིན་ཡིན་ན་བདེན་འཛིན་ཡིན་པས་མ་ཁྱབ་སྟེ། མཐའ་བཞིའི་སྤྲོས་པ་ཕྱི་མ་གསུམ་དུ་འཛིན་པའི་བློ་དེ་ལ་ཡང་ཆོས་ཀྱི་བདག་འཛིན་ཡིན་པར་བཤད་པའི་ཕྱིར་དང། བདེན་འཛིན་གྱི་སྒྲོ་འདོགས་ཆོད་ནས་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་དེ་ཡང་ཆོས་ཀྱི་བདག་འཛིན་དུ་གསུངས་པའི་ཕྱིར་རོ། །ཆོས་ལ་བདེན་པར་འཛིན་པའི་བདག་འཛིན་དེ་ཉིད། གང་ཟག་གི་བདག་འཛིན་གྱི་དངོས་རྒྱུ་ནུས་པ་ཐོགས་མེད་ཡིན་པས་སྐབས་འགའ་ཞིག་ཏུ་ཉོན་མོངས་པའི་མིང་གིས་བཏགས་པ་ཡང་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་ལྟ་བའི་ཤན་འབྱེད་ལས་གསུངས་པ་དང། པཎ་ཆེན་ཤཱཀྱ་མཆོག་གི་དབུ་འཇུག་དཀའ་གནད་ལས། ཆོས་ཀྱི་བདག་འཛིན་ལ་གཉིས་ཏེ། ཉོན་མོངས་པ་ཅན་དང། དེ་མ་ཡིན་པའོ། །དང་པོ་ནི། བྱིས་པའི་རྒྱུད་ཀྱི་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་བློ་མཐའ་དག་དང། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱི་རོལ་ཡུལ་ལ་བདེན་པར་འཛིན་པ་རྣམས་སོ། །གཉིས་པ་ནི། སོ་སོ་སྐྱེ་བོའི་འཕགས་པ་གང་གི་རྒྱུད་ལ་ཡོད་ནའང་རུང་། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་མི་ལྡན་པའི་བདེན་འཛིན་མཐའ་དག་གོ ། དེ་འདྲ་མི་སྲིད་པ་མ་ཡིན་པ་ཏེ། སོ་སོ་སྐྱེ་བོའི་རྒྱུད་ལའང་བདེན་འཛིན་ལུང་མ་བསྟན་མང་པོ་འབྱུང་སྲིད་པའི་ཕྱིར་རོ། །ཞེས་གསུངས་སོ། །
Domain ཆོས་ལུགས།
ཆོས་ཀྱི་བདག་འཛིན་ (2)
Part of speech མིང་ཚིག
Definition མཚན་ཉིད། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རང་གི་དམིགས་ཡུལ་གྱི་གཙོ་བོ་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བདེན་འཛིན། ཆོས་ཀྱི་བདག་འཛིན་དུ་གྲུབ་བོ། །ཞེས་གསུངས།