17696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཅན་མཐུན་སྣང་བ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སྔ་རྒོལ་ཕྱི་རྒོལ་གཉིས་ཀྱིས་ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་པ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ཆོས་ཅན་རྒོལ་བ་སྔ་ཕྱི་གཉིས་ཀས་ཚད་མས་གྲུབ་པ་ཙམ་གྱིས་མི་ཆོག་པར། རྒོལ་བ་སྔ་ཕྱི་གཉིས་ཀྱིས་ཚད་མས་གྲུབ་ཚུལ་མཐུན་སྣང་བ་ཞིག་དགོས་པར་འདོད་པ་ཡིན་ཏེ། ཀུན་ལས་བཏུས་ཀྱི་རང་འགྲེལ་ལས། གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་བསྒྲུབ་པ་ཡིན་ནོ། །ཞེས་དང༌། གང་ཞིག་གཉིས་ཀ་ལ་ངེས་པའི་ཚུལ་གསུམ་དང༌། མ་གྲུབ་པ་གཉིས་ལ་སོགས་པ་བརྗོད་པ་དེ་ཁོ་ན་སྒྲུབ་པའམ་སུན་འབྱིན་པ་ཡིན་གྱི། གང་ཡང་རུང་བ་ལ་གྲུབ་པ་དང་ཐེ་ཚོམ་ཟ་བ་བརྗོད་པ་མ་ཡིན་ཏེ། ཡང་སྒྲུབ་པར་བྱེད་པ་ལ་བལྟོས་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དབུ་མ་ཐལ་རང་གཉིས་པོ་སྔ་རྒོལ་ཕྱིར་རྒོལ་དུ་བྱས་ནས། དངོས་པོ་རང་བཞིན་མེད་པར་སྒྲུབ་པ་དེའི་ཚེ་ན། ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་དུ་གྲུབ་པ་མེད་དེ། དབུ་མ་རང་རྒྱུད་པ་དེས་ཆོས་ཅན་འཇལ་བའི་ཚད་མ་དེ་རང་ངོས་ནས་གྲུབ་པའི་ཆོས་ཅན་ལ་ཚད་མར་སོང་བ་དང༌། དེ་ཆོས་ཅན་ལ་མ་འཁྲུལ་བར་འདོད་པའི་ཕྱིར་དང༌། དབུ་མ་ཐལ་འགྱུར་བ་དེས་ཆོས་ཅན་འཇལ་བའི་ཚད་མ་དེ་རང་ངོས་ནས་གྲུབ་པའི་ཆོས་ཅན་ལ་ཚད་མར་སོང་བ་ཡང་མི་འདོད། དེ་ཆོས་ཅན་ལ་འཁྲུལ་པར་འདོད་པའི་ཕྱིར། ཞེས་དང་། དབུ་མ་པས་དངོས་སྨྲ་བའི་ངོ་བོར་མིག་བདེན་པའི་སྐྱེ་མེད་དུ་སྒྲུབ་པ་དེའི་ཚེ་ན། ཚད་མས་གྲུབ་ཚུལ་མཐུན་སྣང་བའི་ཆོས་ཅན་མིག་དེ་མེད་པར་ཐལ། དབུ་མ་པས་མིག་ཕྱིན་ཅི་ལོག་འཁྲུལ་པའི་ཚད་མའི་རྙེད་དོན་དུ་ཁས་བླངས་དགོས། དངོས་སྨྲ་བས་ཕྱིན་ཅི་མ་ལོག་པ་མ་འཁྲུལ་བའི་ཚད་མའི་རྙེད་དོན་དུ་ཁས་བླངས་པ་གང་ཞིག འཁྲུལ་པའི་ཚད་མའི་རྙེད་དོན་དང་། མ་འཁྲུལ་བའི་ཚད་མའི་རྙེད་དོན་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། དབུ་མ་པས་དེ་ལྟར་ཁས་ལེན་དགོས་པར་ཐལ། དབུ་མ་པས་མིག་འཇལ་བྱེད་ཀྱི་ཚད་མ་དེ། མིག་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་འཁྲུལ་པར་ཁས་ལེན་དགོས་པའི་ཕྱིར། དེར་ཐལ། མིག་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཁས་ལེན་དགོས་པའི་ཕྱིར། ཞེས་དང། དབུ་མའི་མཐའ་དཔྱོད་ལས། སེམས་ཙམ་པ་མན་ཆད་ཀྱིས་སངས་རྒྱས་པས་བྱེ་བྲག་པ་སོགས་དང༌། བྱེ་བྲག་པས་གསལ་བྱེད་པའི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་ཚེ། ཆོས་ཅན་རྒོལ་བ་གཉིས་ཀའི་ལུགས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞལ་བྱ་ལ་མ་འཁྲུལ་བའི་ཚད་མའི་རྙེད་དོན་དུ་འདོད་ཅིང་། རང་རང་གི་འདོད་པ་དེ་རྣམས་ཀྱི་ཁྱད་པར་དུ་མ་བྱས་པར་སྒྲ་ཙམ་དང༌། མི་རྟག་པ་ཙམ་ཞིག་ཆོས་དང་ཆོས་ཅན་དུ་འཛིན་པར་མཐུན་སྣང་དུ་གྲུབ། དབུ་མ་པས་དངོས་སྨྲ་བའི་ངོར་དངོས་པོ་བདེན་མེད་སྒྲུབ་པའི་ཚེ། ཆོས་ཅན་ཚད་མས་གྲུབ་པ་མཐུན་སྣང་བ་མེད་པར་གོང་དུ་བསྒྲུབས་ཟིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།