17825
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཐལ་འགྱུར་པ། གང་ཟག་ལས་གཞན་པའི་ཆོས་ཐམས་ཅད་དེ། ཆོས་ཀྱི་བདག་མེད་ཀྱི་དམིགས་ཡུལ་རྣམས་ཡིན་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ང་ཡི་བ་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ཡིན་པས། ཞེས་དང་། ཁ་ཅིག་གིས། ང་ཡི་བ་གང་ཟག་ཡིན་པའི་ཕྱིར་ཟེར་ན། འོ་ན། གང་ཟག་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་རྙེད་པར་ཐལ། ང་ཡི་བ་གང་ཟག་གང་ཞིག ། ང་ཡི་བའི་གདགས་གཞི་མིག་སྣ་སོགས་ང་ཡི་བའི་མཚན་གཞི་ཡིན་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། ང་ཡི་བའི་མཚན་གཞི་མིག་སྣ་སོགས་དམིགས་པར་སྟོན་པ་མ་ཡིན། ཞེས་གསུངས་པའི་ཕྱིར། འདོད་ན། གང་ཟག་རང་ངོས་ནས་གྲུབ་པར་ཐལ། འདོད་པའི་ཕྱིར། གཞན་ཡང༌། ང་ཡི་བའི་གདགས་གཞི་མིག་སྣ་སོགས་ཆོས་ཅན། གང་ཟག་ཡིན་པར་ཐལ། གང་ཟག་གི་མཚན་གཞི་ཡིན་པའི་ཕྱིར། དེར་ཐལ། ང་ཡི་བའི་མཚན་གཞི་གང་ཞིག ། ང་ཡི་བ་གང་ཟག་ཡིན་པའི་ཕྱིར། ཞེས་དང་། ཁ་ཅིག་གིས། ང་ཡི་བ་ཆོས་ཡིན་ཀྱང༌། ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་གང་ཟག་ཡིན་པའི་ཕྱིར་ཟེར། ཁ་ཅིག ང་ཡི་བ་གང་ཟག་ཡིན་ཀྱང༌། ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ཡིན་ཟེར་ན། དང་པོ་མི་འཐད་དེ། ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་གང་ཟག་ཡིན་ན། གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། གཟུང་འཛིན་གཉིས་སུ་ཕྱེ་བའི་འཛིན་པ་ཡིན་ན། འཛིན་པ་ཡིན་དགོས་པའི་ཕྱིར། དེར་ཐལ། ཡུལ་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་ཅན་ཡིན་ན། ཡུལ་ཅན་ཡིན་དགོས་པའི་ཕྱིར། གཉིས་པ་མི་འཐད་དེ། གང་ཟག་ཡིན་ན། ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། འཛིན་པ་ཡིན་ན། གཟུང་འཛིན་གཉིས་སུ་ཕྱེ་བའི་འཛིན་པ་ཡིན་དགོས་པའི་ཕྱིར། དེར་ཐལ། ཡུལ་ཅན་ཡིན་ན། ཡུལ་ཡུལ་ཅན་གཉིས་སུ་ཕྱེ་བའི་ཡུལ་ཅན་ཡིན་དགོས་པའི་ཕྱིར། ཁ་ཅིག་གིས། ང་ཡི་བ་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ཀྱང་མ་ཡིན། གང་ཟག་ཀྱང་མ་ཡིན་པའི་ཕྱིར་ཟེར་ན། དེ་མི་འཐད་དེ། དེ་གཉིས་སུ་ཕྱེ་བའི་དེ་གཉིས་གང་རུང་མ་ཡིན་པའི་ཆོས་མེད་པའི་ཕྱིར། དེར་ཐལ། ཡུལ་ཡུལ་ཅན་གཉིས་སུ་ཕྱེ་བའི་དེ་གཉིས་གང་རུང་མ་ཡིན་པའི་ཆོས་མེད་པའི་ཕྱིར། ལུས་ཅན་དང་ལུས་ཅན་མ་ཡིན་པ་གཉིས་སུ་ཕྱེ་བའི་དེ་གཉིས་གང་རུང་མ་ཡིན་པའི་ཆོས་མེད་པའི་ཕྱིར། དེར་ཐལ། ལུས་ཅན་དང་ལུས་ཅན་མ་ཡིན་པ་གཉིས་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། དབུ་མ་སྣང་བ་ལས། ལུས་ཅན་དང་ལུས་ཅན་མ་ཡིན་པའི་བྱེ་བྲག་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། |
| Domain | ཆོས་ལུགས། |