17880
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་ཕུག་སྐུ་ཕྲེང་གསུམ་པ་ངག་དབང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་ནི། ཁམས་སྤྲུལ་གསུམ་པའི་ཞལ་སློབ་ཞིག་ཡིན་འདུག ཁོང་སྐུ་ཚེའི་སྨད་ཙམ་གྱི་སྟོན་དུས་ཤིག་ལ། གཞན་རྣམས་གཡུལ་ལས་ལ་ཆས་པའི་ཤུལ་དུ། དགོན་དེར་མེ་ཡི་འཇིགས་པ་བྱུང་བས་གྲྭ་གཉིས་འཕུར་ཡོང་བ། ད་ལྟ་དགོན་པ་ཡོད་ས་ཡུག་ཆུང་ལྷ་འབྲས་གྱི་མགོ་ཁུག་ལ། ཤྭ་བ་ཡུ་མོ་ཤེའུ་བསྐུངས་པ་འདྲ་བའི་ས་དཔྱད་ཡོད་པས་དེར་དགོན་པ་ཐོབ་ཅེས་ཁམས་པ་ཀུན་དགའ་བསྟན་འཛིན་གྱི་ལུང་བསྟན་ལ་ལི་ཏར་དགོན་པ་བཏབ་ཅེས་བཤད་སྲོལ་ཞིག་དང་། གྲོ་འབལ་ལམ་མཚན་གཞན་གྲོང་འབེལ་དབུ་རྫོང་དུ་མེ་ཡི་འཇིགས་པ་བྱུང་ནས། གྲྭ་པ་འགའ་འཕུར་ཡོང་བ་སྔོན་རྒྱལ་དབང་བདེ་ཆེན་རྡོ་རྗེའི་དགོན་པ་བརྒྱ་དང་བརྒྱད་གྱི་ཡ་གྱལ་དགོན་ཆུང་འོག་ལྕང་ཕུང་ཡོད་ས་དེར་བབ། ཁམས་པ་ཀུན་དགའ་བསྟན་འཛིན་ལ་དགོན་གནས་བརྟག་པ་ཞུས་པས། གནས་རི་པད་ཞུ་འདྲ་བའི་རྩ་བར། ནང་སྒོ་ལ་ཛམ་བྷ་ལ་ནག་པོ། བར་སྒོ་ལ་ཚེ་རྟ་ཁ་སྤྲོད། ཕྱི་སྒོ་ལ་དུང་དཀར་གཡས་འཁྱིལ་ཁ་སྤྲོད་ཡོད་ས་དེར་ལེགས་གསུངས་པ་ལྟར་བཙལ་བས་བརྙེད་དེ། ནང་ཆེན་ཚང་ན་ས་ཆ་སློང་བས་བཀའ་ཡི་གནང་བ་ཐོབ་ཀྱང་། གྲྭ་རྒན་འགའ་ཞིག་གིས་ཐོག་མར་གྲྭ་པ་འབབ་ས་དེར་དགོན་པ་འདེབས་དགོས་པའི་དགོངས་བཞེད་བཙན་པར་བརྟེན་དེར་དགོན་པ་བཞེངས་པས་ས་དཔྱད་ཅུང་ཉེས་སོང་བར་གྲགས། གང་ལྟར་ཁམས་པ་ཀུན་དགའ་བསྟན་འཛིན་སྐབས་ད་ལྟའི་དགོན་གནས་འདིར་སྤོས་པར་མངོན་ནོ། ། |