17888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་ཕུང་གི་ངོ་བོ་ (1)
Part of speech མིང་ཚིག
Definition གཡག་སྟོན་གྱིས། ངོ་བོ་ནི། རྟོགས་པའི་ཆོས་རྒྱ་ཆེན་པོ་སྟོན་པའི་ཆོས་དུ་མ་འདུས་པ། དབྱེ་ན། བརྒྱད་ཁྲི་བཞི་སྟོང་། ཚད་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དེ་གསུམ་ཆ་མཉམ་པ་སྟེ་བཞི་པོ་རེ་རེ་ལ་ཉི་ཁྲི་ཆིག་སྟོང་སྟེ། བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། དེ་དང་མཐུན་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྐོར་བས་ན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་པོ་རེ་རེ་རྩ་བ་ནས་སྤོང་བར་ནུས་པའི་གཉེན་པོ་རེ་རྫོགས་པར་སྟོན་པའི་གཏམ་གྱི་ཚོགས་རེའོ། །ཞེས་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས་གསུངས་སོ། ། ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་ཆོས་ཀྱི་ཕུང་པོ་ཇི་སྙེད་གསུངས་པ་དེ་དག་ནི་༡ མདོ་སྡེ་པ་ལྟར་ན་དང་པོར་སངས་རྒྱས་ཀྱི་གསུང་གི་རིག་བྱེད་དང། ཕྱིས་འཆད་པ་པོའི་ངག་གི་རིག་བྱེད་སྒྲ་རང་མཚན་པ་ཡིན་པས་གཟུགས་ཕུང་དུ་འདུས་ལ། ༢ བྱེ་བྲག་ཏུ་སྨྲ་བ་ལྟར་ན་མིང་ཡིན་པར་འདོད་པས་འདུ་བྱེད་ཀྱི་ཕུང་པོར་འདུས་སོ། །ཞེས་སོ། ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག་གང་རྣམས་ཐུབ་པ་སངས་རྒྱས་ཀྱིས་གསུངས་པ་དེ་དག་ནི་མདོ་སྡེ་པས་རྣ་བའི་ཡུལ་དུ་གྱུར་པ་ཚིག་གམ་སྟེ་ཚིག་གི་རང་བཞིན་དང། བྱེ་བྲག་ཏུ་སྨྲ་བས་ཡིད་ཀྱི་ཡུལ་དུ་གྱུར་པ་མིང་གི་རང་བཞིན་ཡིན་པར་འདོད་པས་དེ་དག་ནི་རིམ་པ་ལྟར་གཟུགས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་དག་ཏུ་འདུས་ལ། ཆོས་མངོན་པ་བ་རྣམས་ནི་ཡེ་ཤེས་ལ་འཇུག་པ་ལས། སངས་རྒྱས་ཀྱི་གསུང་གང་ཞེ་ན། གང་དེ་བཞིན་གཤེགས་པའི་བཀའ་དང་གསུང་དང་བརྗོད་པ་དང་དབྱངས་དང་ངེས་པའི་གསུང་དང་གསུང་གི་ལམ་དང་གསུང་དབྱངས་དང་གསུང་གི་འཕྲིན་ལས་དང་གསུང་གི་རྣམ་པར་རིག་བྱེད་ཡིན་ནོ་ཞེས་པ་དང། སངས་རྒྱས་ཀྱི་གསུང་ཞེས་བྱ་བ་འདི་ཆོས་གང་ཞིག་ཡིན་ཞེ་ན། གང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་རྣམས་གོ་རིམ་དུ་བཀོད་པ་དང་གོ་རིམ་དུ་གཞག་པ་དང་གོ་རིམ་དུ་ཡང་དག་པར་སྦྱར་བའོ་ཞེས་འབྱུང་བས་གཉིས་ཀའི་རང་བཞིན་ཡིན་པའི་ཕྱིར་གཉིས་ཀར་འདུས་སོ་ཞེས་འདོད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས། རྒྱལ་པོ་སྲས་དང་གང་སྤེལ་དུ་ཆོས་མངོན་པ་བ་རྣམས་སངས་རྒྱས་ཀྱི་གསུང་མིང་ཚིག་གཉིས་ཀའི་རང་བཞིན་དུ་འདོད་ཅེས་པ་ལྟར་ན། གཟུགས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་གཉིས་ཀས་བསྡུས་པའོ། །རིགས་པའི་མདོ་སྡེ་པ་ནི་འཆད་འཇུག་གཉིས་ལས། འཆད་པའི་ཚེ་དོན་རྗོད་བྱེད་ཀྱི་སྒྲ་སྤྱི་དང། འཇུག་པའི་ཚེ་སྒྲ་སྤྱི་ལ་རང་མཚན་དུ་འཁྲུལ་པའི་སྒྲར་བཞེད་དོ་ཞེས་གསུངས།
Domain ཆོས་ལུགས།