17990

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་མགོན་གསུམ་པ་མི་ཕམ་ཆོས་ཀྱི་དབང་ཕྱུག་ (1)
Part of speech མིང་ཚིག
Definition མཐུ་ཆེན་ཆོས་ཀྱི་མགོན་པོ་སྐུ་ཕྲེང་གསུམ་པ་མཆོག། གཙང་བཀྲ་ཤིས་ལྷུན་པོའི་ཉེ་ཞོལ་དུ། བདག་ཆེན་དབང་གི་རྒྱལ་པོའི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་ཡོས་༡༦༣༩ ལོར་འཁྲུངས། ཆུང་ངུ་ནས་སྔོན་གནས་རྗེས་དྲན་གྱི་གསུང་དུ་མས། མཐུ་ཆེན་བདུད་འཇོམས་རྡོ་རྗེའི་སྐྱེ་བར་རང་གསལ་གྱུར་ནས། རྗེ་ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་ཀྱིས་གཙུག་ཕུད་བཞེས་ཤིང༌། མཚན་མི་ཕམ་ཆོས་ཀྱི་དབང་ཕྱུག་ཏུ་གསོལ། འབྲས་སྤུངས་སུ་ལོ་ཕྱེད་གསུམ་ཙམ་བཞུགས་རིང༌། མཚན་ཉིད་ཀྱི་གསན་སྦྱོང་གནང་ནས་གསང་ཕུར་གྲྭ་སྐོར་ལ་བྱོན། ཉི་ཤུ་པ་ལ་ཡོངས་འཛིན་གཉིས་པའི་དྲུང་དུ་བསྙེན་པར་རྫོགས། རྗེ་དེ་ཉིད་ལས་སྔ་ཕྱིར་རྡོར་ཕྲེང་དང༌། སྒྲུབ་ཐབས་རྒྱ་མཚོ་སོགས་རྗེས་གནང༌། ཕྱག་ཆེན་དང་། བསྲེ་སྙན་སོགས་རྗེ་ཉིད་ལ་བཞུགས་སོ་ཅོག་བུམ་པ་གང་བྱོར་བསྩལ། གཞན་ཡང་རྒྱལ་དབང་མི་ཕམ་དབང་པོ། མཁས་གྲུབ་ཡར་འཕེལ་དབང་པོ་སོགས་ལས་དབང་ཁྲིད་མན་ངག་མང་པོར་གསན། བདེ་ཆོས་རང་དང༌། ལྕོག་མོ་བྱང་ཆུབ་སྙིང་པོ། བྱང་ཆུབ་སྡིངས། ཆུ་ཤུལ་སྤྲོག་མ་དགོན། སྨན་རྩེ། ཁ་ཆེན་དཔལ་འབར། གཡའ་རི་སྨུག་པོ། གཞུང་ཁུང་བུག་སོགས་སུ་ངེས་དོན་ཟབ་མོའི་ཉམས་བཞེས་ལ་རྩེ་གཅིག་ཏུ་བཞུགས་པས། ཕྱག་རྒྱ་ཆེན་པོའི་གནས་ལུགས་ཀྱི་དོན་མངོན་དུ་གྱུར། སྐུ་ཚེ་ཕལ་ཆེར་བྱ་བཏང་གཙང་མའི་ངང་ཚུལ་བཟུང་ནས་ཙ་རི་ཏྲ་སོགས་གནས་ཆེན་དབེན་རི་ངེས་མེད་སྣ་ཚོགས་སུ་ཕེབས། སྣོད་ལྡན་རྣམས་ལ་ཆོས་འཁོར་ཡང་ཡང་བསྐོར། ཡོངས་འཛིན་གཤེགས་རྗེས། བསྟན་དོན་ལའང་དགོངས་ནས། བདེ་ཆོས་སུ་རྒྱལ་ཚབ་ཀྱི་ཚུལ་དུ་བཞུགས་ནས་ལུགས་གཉིས་ཀྱི་སྒོ་ནས་ཕྲིན་ལས་བསྐྱངས། ཡོངས་འཛིན་མཆོག་སྤྲུལ་འཁྲུངས་པའི་ངོས་འཛིན་དང་། སྤྱན་འདྲེན་མངའ་གསོལ་གྲུབ་ནས། ཟབ་ཆོས་ཀྱི་རིམ་པ་མཐའ་དག་འབུལ་བར་མཛད། ཡོངས་འཛིན་གསུམ་པ་དང་། རྗེ་ཁམས་སྤྲུལ་གསུམ་པ་སོགས་ཆེ་ཕྲ་མང་པོའི་བསྙེན་རྫོགས་ཀྱི་མཁན་པོ་མཛད་པ་སོགས། སོ་ཐར། བྱང་སེམས། གསང་སྔགས་ཀྱི་ཆོས་ཚུལ་མཐའ་ཀླས་པ་གནང་བའི་མཐར། སྐུ་གྲིབ་ལྟ་བུས་ཅུང་ཟད་བསྙེལ་ཚུལ་གྱིས། དགུང་ལོ་རེ་ལྔ་པ་ཆུ་ལུག་ ༡༧༠༣ ལོའི་བོད་ཟླ་བཅུ་པའི་ཉ་ལ་མྱ་ངན་ལས་འདས། སློབ་མའི་གཙོ་བོར། ཡོངས་འཛིན་གསུམ་པ་མཆོག་སྤྲུལ་དགེ་ལེགས་བཞད་པའམ་ཆོས་རྒྱལ་དཔལ་བཟང༌། ངག་དབང་ཀུན་དགའ་བསྟན་འཛིན་རྣམ་པ་གཉིས་ཡིན་ལ། གཞན་ཡང་འཛི་སྒར་གཉིས་པ་དགེ་ལེགས་མཆོག་གྲུབ་བསྟན་འཛིན། སྐྱིད་སྦུག་སྤྲུལ་སྐུ་ངག་དབང་དགེ་ལེགས་འབྲུག་རྒྱས། ཁམས་གྲུ་གུ་ཆོས་རྒྱལ་སྐུ་ཕྲེང་གཉིས་པ་གྲུབ་མཆོག་ཀུན་དགའ་རྒྱ་མཚོ། ནང་སོ་དཀོན་རྒྱལ་སྐུ་ཕྲེང་གཉིས་པ་རྡོ་རྗེ་རྫོང་པ་ཕྲིན་ལས་བསྟན་འཛིན། འཁྲུལ་ཞིག་སྐུ་ཕྲེང་གསུམ་པ་འཇམ་དཔལ་གྲུབ་པ། དགོན་ཕུ་བ་ངག་དབང་དགེ་བ། མདོ་དྲུག་པ། ནུབ་དགོན་པ། ཁམས་ལྷོ་པ་བསོད་ནམས་ཕུན་ཚོགས། དགེ་བཤེས་ལེགས་བཤད། ལ་སྟོད་བྷུ་ཊ་སྤྲུལ་སྐུ། ལ་སྟོད་བྱང་ནས་ཆོས་རྗེ་ལྕགས་ཁ་བ། བླ་མ་བསམ་གཏན་ནོར་བུ། བཟང་སྟེང་མཁན་པོ། ཕག་ཚང་སྐུ་སྐྱེ། ལྷུན་གྲུབ་སྐུ་སྐྱེ་སོགས་བསྟན་པ་ལ་བྱ་བ་བྱེད་ནུས་པའི་བཤེས་གཉེན་མཁས་དང་གྲུབ་པའི་སྐྱེས་བུས་ཁམས་དབུས་ཁྱབ་པ་བྱུང་ངོ༌། །

{{#arraymap:ཆོས་མགོན་གསུམ་པ་མི་ཕམ་ཆོས་ཀྱི་དབང་ཕྱུག་

|; |@@@ | | }}