17997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་མགོན་སྐུ་ཕྲེང་དང་པོ་ཆོས་ཀྱི་མགོན་པོ་ (1)
Part of speech མིང་ཚིག
Definition མཐུ་ཆེན་ཆོས་ཀྱི་མགོན་པོ་སྐུ་ཕྲེང་དང་པོ་མཆོག་ནི། ལྷོ་རྒྱུད་བྱར་སྐྱིད་སྦུག་གི་མདར། ཡབ་ལེགས་པ་དབང་ཕྱུག་དང༌། ཡུམ་གྱེར་མོ་དཔལ་སྒྲོན་ཞེས་པའི་སྲས་སུ། རབ་བྱུང་བརྒྱད་པའི་ལྕགས་བྱ་ ༡༥༠༡ ལོར་བལྟམས། སྐུ་གཞོན་ནུ་ནས་འབྲི་ཀློག་སོགས་སྦྱངས། བཅུ་བདུན་པར། གོང་མ་འཇམ་དབྱངས་ཆོས་ཀྱི་གྲགས་པའི་མདུན་ནས་སྡོམ་པ་གསུམ་གྱི་སྒོར་ཞུགས་ཏེ། མཚན་ཆོས་ཀྱི་མགོན་པོ་འཇམ་དཔལ་རྡོ་རྗེ་དགའ་བའི་བཤེས་གཉེན་གསོལ། མཆོད་གཤོམ་པའི་ལས་ཚན་བཟུང༌། རྗེ་དེ་ལས་གདམས་ངག་དང་། སྨིན་གྲོལ་དུ་མ་གསན། རིག་སྔགས་འཆང་བ་རྒྱལ་མཚན་ལྷུན་གྲུབ་ལས། ཆོས་སྐྱོང་བཀའ་གཏེར་གྱི། དབང་ལུང་མཐའ་ཡས་པ་གསན་ཅིང་ཆོས་སྐྱོང་གི་བཀའ་བབ། དུད་སོལ་མས་རང་སྒྲུབ་སྐོར་དངོས་སུ་བསྩལ། རྡོ་རྗེ་གླིང་པ་མཐུ་སྟོབས་ཞབས་དང༌། ཀུན་སྤངས་སྒྱུ་མའི་གར་མཁན་ལས་ཁྲིད་གདམས་མནོས། རྗེ་གོང་མ་གཤེགས་རྗེས་ཉེར་གསུམ་པར་ར་ལུང་ཐེལ་དུ། དབང་ཆོས་ཀྱི་རྒྱལ་པོའི་མདུན་ནས། བཀའ་རྒྱ་ཅན་ལྔ་སོགས་གསན། ཕྱག་རྡོར་དབང་གསན་དུས། བླ་མ་གསང་བདག་དངོས་སུ་གཟིགས། དེ་ནས་བཟུང་ཞལ་སྟོན་ཅིང་གསུང་སྩལ། སྲས་ངག་དབང་བསྟན་པའི་རྒྱལ་མཚན་དང༌། གཅུང་རིན་པོ་ཆེ། ཆོས་རྗེ་སངས་རྒྱས་དཔལ་བཟང༌། ཁྲུས་ཁང་ལོ་ཙཱ་བ་སོགས་རིས་བྲལ་གྱི་མཁས་གྲུབ་དུ་མ་བསྟེན། མཁན་བཀྲ་ཤིས་རྣམ་རྒྱལ་ལས་བསྙེན་རྫོགས། བདེ་མགོན་སྒྲུབ་པའི་སྐབས་དངོས་གྲུབ་ཀྱི་ལྟས་བསམ་ལས་འདས་པ་བྱུང་ཞིང༌། འཁོར་ལོ་སྡོམ་པ། རྡོ་རྗེ་རྣལ་འབྱོར་མ། ཡེ་ཤེས་མགོན་པོ་རྣམས་ནམ་འདོད་དུ་གཟིགས། འབྲུག་སེ་བ་བྱང་ཆུབ་གླིང་དུ། སྒྲུབ་པ་ལོ་གསུམ་མཛད། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཤར། ཙ་རི་ཏྲ་དང༌། བདེ་ཆེན་ཆོས་འཁོར། སྙེ་ཕུ་ཤུག་གསེབ། སྤྲིན་ཐོག་སོགས་སུ་ལོ་མཚམས་དང༌། དུས་རྒྱུན་དབུ་སྔས་ལ་མི་འཇོག་པར། བཟླས་བརྗོད་ཀྱིས་དུས་འདའ་བས། བདེ་མཆོག ཕྱག་རྡོར། མགོན་པོ་ཕྱག་བཞི་པའི་བསྙེན་པ་རྣམས། དུང་ཕྱུར་བརྒལ་ངེས། རྡོ་རྗེའི་བཀའ་སྲུང་ཐམས་ཅད་ཀྱིས་གུས་པའི་སྒོ་ནས་མི་འབྲལ་བར། ཅི་བསྒོའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ། བསྟན་དང་བླ་མའི་སྐུ་དགྲ་ཆེ་ཕྲ་ཆམ་ལ་ཕབ་པའི་ལོ་རྒྱུས། རྭ་ཆེན་རྡོ་རྗེ་གྲགས་ཀྱིས་ཀྱང་བསྒྲུན་དུ་མི་བཟོད་པ་ཤིན་ཏུ་མང་བས། འབྲུག་པའི་མཐུ་པ་རྒྱ་བོ་ཞེས་ཡོངས་ལ་གྲགས། རྡོ་ལ་ཕྱག་ཞབས་ཀྱི་རྗེས་དང་བུམ་ཆུ་ཁོལ་ཞིང་ལུད་པ་སོགས་ངོ་མཚར་ཆེ། ཙ་རི་ཏྲ་ཅིག་ཆར་གྱི་རྡོར་འཛིན་ལོ་ཉེར་ལྔར་བཞུགས་པས། རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ་ཞེས་གྲགས། དབུས་སུའང་འགྲོ་དོན་རྒྱ་ཆེར་བསྐྱངས། ཀུན་མཁྱེན་པདྨ་དཀར་པོས་ཀྱང་འབྲུག་སྐོར་གྱི་ཁྲིད་ལག་ལེན་མང་པོ་དང༌། ཆོས་སྐྱོང་སྐོར་གྱི་དོགས་གཅོད་མཛུབ་ཁྲིད་ཞིབ་ནན་གསན། གློ་བོ་ཀུན་དགའ་གྲོལ་མཆོག་དང༌། ཚར་ཆེན་བློ་གསལ་རྒྱ་མཚོ། དཔལ་ཀུན་བཟང་རྩེ་བ་ཡབ་སྲས་སོགས་ཀྱིས་ཀྱང་དཀའ་གནད་ཀྱི་དྲི་ས་མཛད་ཅིང་བླ་མར་བཀུར། གཞན་ཀུན་མཁྱེན་ཆེན་པོའི་སློབ་མར་གྱུར་པ་ཐམས་ཅད་ཀྱིས་འདི་ཉིད་ཀྱི་ཞབས་ལ་མ་གཏུགས་པ་མེད་ཅིང༌། སྲས་ཀྱི་ཐུ་བོ་ནི། ཅོག་གྲྭ་རིན་ཆེན་དཔལ་བཟང་དང༌། རྗེ་ལྷ་རྩེ་བ་ཆེན་པོ་གཉིས་ཡིན། གྱ་གཉིས་པ་ཆུ་རྟ་ ༡༥༨༢ ལོའི་བོད་ཟླ་དགུ་པའི་ཉེར་བདུན་ལ་ཞི་བར་གཤེགས་སོ། །

{{#arraymap:ཆོས་མགོན་སྐུ་ཕྲེང་དང་པོ་ཆོས་ཀྱི་མགོན་པོ་

|; |@@@ | | }}