18147

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྒྱལ་ཨ་ཤོ་ཀ་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་རྒྱལ་པོ་མྱ་ངན་མེད་དེ། དེ་ཡང་ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་སྐབས་སུ། ཡུལ་ཙམྤ་ཨ་རྞ་ཞེས་བྱ་བར་ཉི་མའི་རིགས་ཀྱི་རྒྱལ་པོ་ནེ་མཱི་ཏ་ཞེས་བྱ་བ་ཡོད་པ་དེ་ཚོང་དཔོན་གྱི་ཆུང་མ་ཞིག་དང་འདུས་པ་ལས། རྒྱལ་པོ་དེའི་མ་འདས་པའི་མྱ་ངན་སེལ་བའི་ཉིན་བར་ཚོང་དཔོན་གྱི་ཆུང་མ་ལས་ཁྱེའུ་བཙས་པས་མིང་ཡང་མྱ་ངན་མེད་ཅེས་ཐོགས། ཁྱེའུ་དེ་ཆེར་སྐྱེས་པའི་ཚེ། སྒྱུ་རྩལ་དྲུག་ཅུ་དང་། བརྟག་པ་བརྒྱད། ཡི་གེ་དང་ལག་རྩིས་ལ་སོགས་པ་ཤིན་ཏུ་བྱས་པར་གྱུར། ཐོག་མར་གྲོང་ཁྱེར་པ་ཌ་ལི་པུ་ཏྲ་ལ་གནས། ཡུལ་མ་ག་དྷའི་རྒྱལ་པོ་བྱས་ནས་ལོ་འགའ་ཞིག་ཏུ་འདོད་ཡོན་ལ་རྣམ་པར་རྩེ་བས་གནས་པ་ལས། ཀཱ་མ་ལ་ཨ་ཤོ་ཀ་སྟེ་འདོད་པའི་མྱ་ངན་མེད་ཅེས་གྲགས། དེ་ནས་ཡུལ་མང་པོ་དབང་དུ་བསྒྱུར་ཞིང་། སྡིག་བློན་གྱིས་བསྐུལ་བར་བརྟེན་ནས་མཆོད་སྦྱིན་ལ་མི་མང་པོ་བསད་པ་ན། སྔར་གྱི་མིང་འགྱུར་ཏེ་ཙཎྜ་ལ་ཨ་ཤོ་ཀ་ཅེས་གཏུམ་པོའི་མྱ་ངན་མེད་དུ་གྲགས། དེ་ནས་དགྲ་བཅོམ་པ་གྲགས་པའི་སློབ་མ་དགེ་ཚུལ་མང་དུ་ཐོས་པ་སྦྱོར་ལམ་གྱི་རྟོགས་པ་ལ་གནས་པ་དེས་རྫུ་འཕྲུལ་དང་ཆོས་བསྟན་པས། དེར་རྒྱལ་པོས་གནོད་སྦྱིན་ཤིང་རྟའི་རིག་སྔགས་ཀྱང་གྲུབ་སྟེ་གླང་པོ་ཆེ་ཙམ་གྱི་རྟ་དང་། ཏཱ་ལའི་སྡོང་པོ་ཙམ་གྱི་སྐྱེས་བོ་སོགས་གནོད་སྦྱིན་གྱི་དཔུང་ཡན་ལག་བཞི་པ་མང་པོ་བྱུང་སྟེ་འཛམ་བུ་གླིང་གི་ས་གཞི་མང་ཆེ་བ་དང་གླིང་ཕྲན་ལྔ་བཅུ་ཙམ་ལ་དབང་འབྱོར་རོ། །ཉིན་མཚན་གཅིག་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གྲུབ། རང་གིས་དབང་བསྒྱུར་པའི་ཡུལ་ཐམས་ཅད་དུ་གཙུག་ལག་ཁང་དང་། ཆོས་ཀྱི་གཞི་མང་པོ་དག་བྱས་པས་ཕྱོགས་ཐམས་ཅད་སངས་རྒྱས་ཀྱི་བསྟན་པས་ཁྱབ་པར་གྱུར་ཏོ། །གང་གི་ཚེ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་པ་དེ་ཕྱིན་ཆད་ནས་སྔར་གྱི་མིང་འགྱུར་ཏེ་དྷརྨ་ཨ་ཤོ་ཀ་སྟེ་ཆོས་ཀྱི་མྱ་ངན་མེད་དུ་གྲགས་སོ། །