18151

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྒྱུན་ཆེན་པོའི་ཏིང་འཛིན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལེའུ་དོན་གསུམ་པར་བསླབ་པའི་མཐའ་བཅུ་ལས་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་འཆད་སྐབས་མཚན་བཅས་གཅིག་ཆར་བའི་ཏིང་ངེ་འཛིན་དུ་གསུངས་སྟེ། མདོ་འགྲེལ་མུན་པའི་གོ་ཆ་ལས། རྒྱུན་གྱི་ཏིང་ངེ་འཛིན་ཉེ་བར་བསྟན་པའི་ངོ་བོ་འདི། ཐོག་མར་གསང་བདག་ཉིད་ལ་སྟོན་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་ཏེ། དོན་འདི་རྒྱུན་དུ་འབྲལ་བ་མེད་པ་ནི་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོའོ། །འདི་ནི་ཀུན་གཅིག་ཆར་བ་ལ་རེས་མོས་བསྟན་དུ་མེད་དེ། ལྷུན་གྱིས་གྲུབ་པའི་ཀློང་དུ་རིག་པ་འཕྲོ་འདུའི་ཐག་ཆོད་པས་དུས་རྒྱུན་གཅིག་ཏུ་གསལ་ལོ། །ཞེས་པ་ལྟར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཅིག་ཆར་བའི་མཚན་བཅས་ཀྱི་རྣལ་འབྱོར་ཉེ་བར་བསྟན་པ་འདི་ལྟ་སྟེ། བློ་ཆེ་བ་ལ་དོན་དང་འདུ་འབྲལ་མེད་པས་ཆོས་རྒྱུན་ཆེན་པོའི་ཏིང་ངེ་འཛིན་གྱི་ངོ་བོ་འདི་ནི་ཐོག་མར་གསང་བདག་ཉིད་ལ་སྟོན་པ་སེམས་དཔའ་རྡོ་རྗེའམ་རྡོ་རྗེ་སེམས་དཔའ་དམ་པས་བཤད་ཅིང་བཀའ་བསྩལ་བར་མཛད་དེ། དོན་འདི་རྒྱུན་དུ་འབྲལ་བ་མེད་པ་ནི་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོའོ། །དེས་ན་ཏིང་ངེ་འཛིན་འདི་ཀུན་ཅིག་ཆར་བ་ལ་རེས་མོས་སུ་བསྟན་དུ་མེད་དེ། ལྷུན་གྱིས་གྲུབ་པའི་ཀློང་དུ་རིག་པ་འཕྲོ་འདུའི་ཐག་ཆོད་པས་རྒྱུན་གྱི་དུས་གཅིག་ཏུ་མི་གཡོ་བར་གསལ་བ་ཞེས་བྱའོ། །ཞེས་གསུངས། དེ་ལ་དབྱེ་ན་བརྒྱད་དེ། བརྟན་པ་རྒྱུན་གྱི་ཏིང་ངེ་འཛིན་དང། བདུད་རྩི་རྒྱུན་གྱི་ཏིང་ངེ་འཛིན་དང། མཆོད་པ་རྒྱུན་གྱི་ཏིང་ངེ་འཛིན་དང། སངས་རྒྱས་རྒྱུན་གྱི་ཏིང་ངེ་འཛིན་དང། བཟླས་པ་རྒྱུན་གྱི་ཏིང་ངེ་འཛིན་དང། སྦྱོར་བ་རྒྱུན་གྱི་ཏིང་ངེ་འཛིན་དང། སྒྲོལ་བ་རྒྱུན་གྱི་ཏིང་ངེ་འཛིན་དང། དཀྱིལ་འཁོར་རྒྱུན་གྱི་ཏིང་ངེ་འཛིན་ནོ། །
Domain ཆོས་ལུགས།