18156

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྗེ་གཞོན་ནུ་སེངྒེ་ (1)
Part of speech མིང་ཚིག
Definition ལྷ་གཅེན་གྱི་སྲས་སུ་རབ་བྱུང་གསུམ་པའི་ལྕགས་སྤྲེལ་ ༡༢༠༠ ལོར་བལྟམས། འགྲོ་མགོན་གཙང་པ་རྒྱ་རས་ཀྱི་སྐུ་མཆེད་གཉིས་ཀྱི་ཆེ་བ་ཡིན། གཅུང་ནི་རིན་ཆེན་དཔལ་ལོ། །སྐུ་ཆུང་ངུའི་དུས་སུ། འབྲུག་ཏུ་ཆོས་རྗེ་རས་པས་དཀྱིལ་འཁོར་སྒྲུབ་མཆོད་མཛད་པར། དཀྱིལ་འཁོར་གྱི་སྟེང་དུ་ཐལ་བྱུང་གིས་གཤེགས་ཀྱང་རྡུལ་ཚོན་མ་ཟུབ་པར་བྱོན་ནས་ཐོད་རྫས་དབུ་ལ་བཀབ་སྟེ་བཞུགས་པས། རྟེན་འབྲེལ་འགྲིགས་པར་གསུངས། བརྒྱད་པ་ལ་ཆོས་རྗེའི་དྲུང་དུ་རབ་ཏུ་བྱུང་། མཚན་གཞོན་ནུ་སེང་གེར་བཏགས། ཉེར་གསུམ་པ་ལ་བསྙེན་པར་རྫོགས། རྗེ་ཁུ་དབོན་གཉིས་ལས་གདམས་ངག་བུམ་པ་གང་བྱོར་མནོས། ས་པཎ་ལ་རིག་གནས་དང་དབུ་མ་གསན། སོ་བརྒྱད་ལ་གདན་སར་བཞུགས། འབྲུག་དང་ར་ལུང་དུ་འདག་སྦྱར་ལོ་དགུ་མཛད། རྟོགས་པ་ཤར། རྩ་རླུང་གི་ནུས་པ་ཆེ་བས་ཟླ་བ་ལ་གྲིབ་མ་མི་མཐོང་བ་དང་། རླུང་གང་འདོད་དུ་འདྲོངས་པ་སོགས་ཡོན་ཏན་དུ་མ་མངའ། གཞུང་པ་གླིང་དུ་བཞུགས་སྐབས་གར་སྣ་ཁྲིད་པ་དང་། གར་ལ་གཟིགས་རྟོག་དང་། གཟིམས་མལ་ན་བཞུགས་པའི་སྐུ་ཡི་བཀོད་པ་གསུམ་དུ་བསྟན། ཤུ་ཁུར་སྒོ་བཅད་དུ་བཞུགས་ཚེ། ཞིང་ཁམས་དུ་མ་གཟིགས་ཤིང་། མངོན་ཤེས་ཤར། ཕོ་མ་ལྷ་ཁབ་ཏུ་ལྷ་འདྲེའི་ཆོ་འཕྲུལ་རྣམས་བཏུལ། སྟག་རིའི་གཟིམས་ཁང་འོག་མར་རྡོ་རྗེ་གཏུམ་པོ་ཁྱད་པར་གྱི་འཁོར་བཞི་ཁྱུང་ཉེར་གཅིག་དང་བཅས་པའི་ཞལ་མངོན་དུ་གྱུར། ར་ལུང་དུ་ཐུབ་པའི་དབང་པོ་འཁོར་ལྔ་སྡེ་བཅས་པ། མཁའ་རོའི་གངས་ལུང་དུ་བདེ་མཆོག་ལྷན་སྐྱེས། གཞུང་སྤོ་ར་རུ་མི་འཁྲུགས་པ། གངས་ལུང་དུ་སྤྱན་རས་གཟིགས་ཁ་སརྤ་ཎི་གཟིགས། གཞུང་དུ་བཞུགས་སྐབས་ལྷ་འབྲུག་ཐུག་སྟེ། འབྲུག་ལ་གླིང་ལོག་བྱུང་བའི་ཚེ་ཐུགས་སྐྱོ་བ་སྐྱེས་ཏེ། རི་ཁྲོད་དགོན་པ་མི་འགྲིམ་རི། །ཞེས་པའི་ཞེ་མནའ་ལྔའི་མགུར་བཞེངས་པར། ཆོས་རྗེ་དང་དབོན་རིན་པོ་ཆེ་སེངྒེ་དང་སྟག་ལ་ཆིབས་ནས་བྱོན་ཏེ། སེམས་ཅན་མོས་པ་སྣ་ཚོགས་ཅན་ཡིན་པས། འགྲོ་དོན་ལ་ཡི་ཆད་པར་མ་བྱེད་ཅིག། བྱང་ཆུབ་ཀྱི་སེམས་ཉམས་པར་འགྱུར་རོ་ཞེས་གསུངས་ནས་ཐུགས་བསྐྱེད་གསལ་བཏབ། སྣང་གྲོ་ཤར་དུ་ཐུགས་བསྐྱེད་གསུངས་པར་མེ་ཏོག་གི་ཆར། འཇའ་གུར་དང་བཅས་ལྷ་རྣམས་ཀྱིས་མཆོད། མི་རྣམས་ཉམས་འུར། འབྲུག་ཏུ་ཐུགས་བསྐྱེད་གསུངས་སྐབས་སྐུ་ཡི་བཀོད་པ་གཉིས་སུ་བསྟན། ནུབ་ཀྱི་གྲུ་ཁར་ཆུ་སྟེང་དུ་མི་དཀར་པོ་གཉིས་ཀྱིས་དར་ཡུག་འཐེན་པའི་སྟེང་དུ་ཆུ་ལ་མི་བྱིང་བར་གཤེགས་པར་མཐོང་། གྲོ་བོ་ལུང་དུ་རྗེ་མར་པའི་སྐུ་ལས་འོད་འཕྲོས། ཉིད་ཀྱི་ཐུགས་ཀར་ཐིམ་པ་དང་། སྐུ་རིམ་སེར་ཆགས་སྐབས། མི་མང་གིས་རྔ་དང་རོལ་མོའི་ནང་དུ་བཞུགས་པ་དང་། སྣང་བ་དག་པས་འོད་ལམ་དུ་འབྱོན་པ་མཐོང་བ་སོགས། ངོ་མཚར་དཔག་མེད་བསྟན། བཤད་སྒྲུབ་ཀྱི་མཛད་པ་མཐར་ཕྱིན་ནས། དྲུག་ཅུ་རེ་བདུན་པ་མེ་སྟག་ ༡༢༦༦ ལོའི་ཟླ་བ་དང་པོའི་ཉི་ཤུ་བརྒྱད་ལ་གཤེགས་སོ། །ཞལ་སློབ་ཀྱང་ཉི་མ་སེང་གེ གྲུབ་ཐོབ་གཡུ་མོ་ཆེ། འབོས་མཚོ་བ། བྲག་དམར་བ་སོགས་བྱོན་པའོ། །