18158

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྗེ་ཆོས་ཀྱི་བཤེས་གཉེན་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ཆུ་བྱ་ཕྱི་ལོ་ ༡༤༥༣ ལོར་སྟོད་ལུང་མདར་སྐུ་འཁྲུངས། ཁོང་དགའ་ལྡན་སློབ་དཔོན་ཆོས་གྲགས་ལས་རབ་ཏུ་བྱུང་། གཙང་དུ་པཎ་ཆེན་དགེ་འདུན་གྲུབ་ལས་ཟབ་ཆོས་གསན་། བསྟན་པའི་རྒྱལ་མཚན་འཛིན་པ་ཞེས་མཚན་གྱི་མཇུག་ཏུ་བཏགས། དབུས་སུ་བྱོན། ་འབྲསསྤུངས་སུ་སློབ་དཔོན་ཡེ་ཤེས་བཟང་པོ་དང་། འཇམ་དབྱངས་ལེགས་ཆོས་པ། དྲུང་དཔལ་ལྡན་རྒྱལ་མཚན་རྣམས་ལས་མདོ་སྔགས་ཀྱི་གཞུང་རྣམས་གསན། རྩེད་ཐང་དུ་པོ་ཏི་ཉི་ཤུ་རྩ་གྲངས་ཀྱི་གྲྭ་སྐོར་མཛད། རབ་འབྱམས་པ་སྨོན་ལམ་དཔལ་སོགས་ལས་དབང་ལུང་ཞུས། རྒྱུད་གྲྭར་ཞུགས་ནས་སློབ་གཉེར་མཛད། སྟག་ལུང་ཆོས་རྗེ་ངག་དབང་གྲགས་པ་ལས་སྒྲ་དང་། སྙན་ངག་སྦྱངས། ཆོས་རྗེ་གནས་བརྟན་པ་སོགས་ལས་བསྙེན་པར་རྫོགས། ཤག་སྐོར་གྲྭ་ཚང་དུ་འཆད་ཉན་པ་མཛད། རེ་བཞི་པ་རབ་བྱུང་དགུ་པའི་མེ་བྱི་ཕྱི་ལོ་ ༡༥༡༦ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་ང་བདུན་རིང་བསྐྱངས། མདོ་སྔགས་ཀྱི་འཆད་ཉན་མཛད། གྱ་བརྒྱད་པ་རབ་བྱུང་དགུ་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ་ ༡༥༤༠ ལོར་སྐུ་གཤེགས། བུ་སློབ་ཆེ་བ་ལྷ་དབང་དཔལ་འབྱོར་སོགས་དྲུག་དང་། རིགས་པར་སྨྲ་བའི་ཁྱུ་མཆོག་མང་དུ་བྱོན། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བཅུ་གསུམ་པ་ཡིན།