18172

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་རྗེ་རྒྱལ་བ་སེང་གེ་ (1)
Part of speech མིང་ཚིག
Definition ཆོས་རྗེ་སྐུ་ཕྲེང་གཉིས་པ་རྒྱལ་བ་སེང་གེ་མཆོག་ནི་ཕྱི་ལོ་ ༡༥༠༩ ས་མོ་སྦྲུལ་གྱི་ལོར་སྐུ་འཁྲུངས། དགུང་གྲངས་གསུམ་སོན་སྐབས་སྔགས་ཀྱི་ཆོས་སྒོར་ཞུགས་ནས་དགུང་ལོ་བཅུ་གསུམ་དུ་ཚེས་བཅུའི་རཏྣ་ཀཱིརྟི་དང་མཇལ་ནས་ཆོས་རྗེའི་སྐུ་སྐྱེེས་སུ་ངོས་འཛིན་མཛད་ནས་ཁྲི་སྟོན་མཛད། མཁན་ཆེན་དཀོན་མཆོག་རྒྱལ་མཚན་སོགས་དགེ་འདུན་གྲངས་ཚང་བའི་མདུན་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཐོབ་ཅིང་། དགུང་ལོ་བཅོ་ལྔའི་ཐོག་ཏུ་གྲུབ་པའི་དབང་ཕྱུག་ལྕགས་མདུད་སོགས་སྐྱེས་ཆེན་དུ་མའི་དྲུང་ནས། མདོ་ཕྱོགས་བཀའ་པོད་རྣམས་དང་སྔགས་ཕྱོགས་རྒྱུད་སྡེ་དག་གི་གཞུང་ལུགས་ལ་སྦྱངས་བརྩོན་ཆེས་རབ་མཛད་སྐབས་དུས་འཁོར་རྩ་འགྲེལ་བཅས་གསན་བསམ་གྱིས་དོན་ཇི་བཞིན་ཐུགས་སུ་ཆུབ་པ་མ་ཟད། རྩེ་ཐོག་རྒྱལ་བའི་གཏེར་གནས་སོགས་སྒྲུབ་པའི་གནས་ཆེན་དུ་མར་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་ལྷོད་མེད་ཀྱིས་སྒོམ་སྒྲུབ་ཆེ་བར་བྱས་པས་ནང་རིམ་གཉིས་ཀྱི་རྟོགས་པ་སྒོ་ཀུན་ནས་རྣམ་པར་འཕེལ་ཏེ་རྟོགས་ལྡན་གྲུབ་པ་ཆེན་པོ་རྡོ་རྗེ་འཛིན་པའི་གོ་འཕང་བདག་གིར་བཞེས། དགུང་ལོ་ཉེར་གསུམ་པར་མཁན་དཀོན་རྒྱལ་བ་སོགས་ཁ་སྐོང་དགེ་འདུན་གྲངས་ཚང་གི་དབུས་སུ་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་ནོད། གང་ཉིད་འཛམ་ཐང་དགོན་དུ་བཞུགས་ཏེ་ཆོས་གྲྭ་སྐྱོང་བཞིན་རྣམ་དཀར་གྱི་མཛད་བཟང་ཆེ་བ་དུ་མ་མཛད་ཅིང་། སྐབས་དེ་དག་ཏུ་གང་གི་ཐུགས་སྲས་ཀྱི་གཙོ་བོ་རང་འདྲའི་དཔལ་གྱི་མཚན་ཅན་བཅུ་གསུམ་དང་ཆོས་ཀྱི་སློབ་མར་གྱུར་པ་བོད་ལྗོངས་ཀྱི་སྐད་གྲགས་ཆེ་བ་ཀརྨ་ཞྭ་དམར་ན་རིམ་ལྔ་པ་དཀོན་མཆོག་འབངས་དང་། གུ་ཤྲི་བཞི་པ་རྒྱལ་ཚབ་གྲགས་པ་དོན་གྲུབ། ས་སྐྱའི་བླ་མ་ནམ་མཁའ་རྒྱལ་མཚན་སོགས་སྐྱེས་ཆེན་མང་དུ་འདུག ཆོས་རྗེ་འདིའི་གསུང་རྩོམ་ཡང་གཞན་སྟོང་དྲིས་ལན་དོན་བསྡུས་རབ་གསལ་སོགས་མདོ་སྔགས་ཀྱི་རྣམ་བཤད་མང་པོ་མཛད་འདུག ཁོང་གི་ཐུན་མིན་གྱི་མཛད་འཕྲིན་གཙོ་བོ་ནི་རྒྱ་ནག་གོང་མ་ཁྲིན་ཧྭའིི་དབུ་བླར་བཞུགས་པ་དང་། བོད་ཕྱོགས་མདོ་ཁམས་ཀྱི་ཐང་ཆེན་བརྒྱད་ལ་ཆོས་སྲིད་ཀྱི་མངའ་བདག་དང་ལྷ་སྲུང་རྩེ་བླ་ལྔ་ཡིས་བཀའ་ཇི་བཞིན་བསྒྲུབ་པའི་ཡོངས་ཀྱི་བླ་མ་གཙུག་གི་ནོར་བུར་གྱུར། གཞན་ཡང་སོག་པོའི་རྒྱལ་པོ་ཡོངས་ཤུའི་བུ་དུས་བྱིང་གིས་གདན་འདྲེན་ཞུས་ཏེ་གུས་པས་བླ་མར་ལེགས་བཀུར་མཛད་ནས་རྒྱལ་བ་མི་ཕམ་མགོན་པོ་ཞེས་མཚན་ཡང་གསོལ། ཁྱད་པར་སྨ་ལྕགས་རི་འོད་འབར་དགོན་དང་། སོག་ཡུལ་ཀརྨ་ལྷ་ཁང་དགོན་སོགས་ཇོ་ནང་རང་ལུགས་འཛིན་པའི་དགོན་སྡེ་བརྒྱ་དང་བཅུ་གསུམ་ཙམ་ཕྱག་བཏབ། ཕྱི་ལོ་ ༡༥༨༠ ལྕགས་ཕོ་འབྲུག་ལོའི་ཟླ་བ་བཅུ་པའི་ཚེས་བརྒྱད་ཉིན་སྐུ་མྱ་ངན་ལས་འདས་པའོ། །