18283
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤེས་པ་བཅུའི་ནང་གསེས་གཉེན་པོ་ལས་བཞག་པ་ཞིག་སྟེ། འདོད་ཁམས་ཀྱིས་བསྡུས་པའི་ཆོས་ལ་བདེན་བཞི་ཇི་ལྟ་བ་མཐོང་བས་མཐོང་སྤང་སྤངས་ཏེ། བྲལ་འབྲས་ཉམས་སུ་མྱོང་བ་རྣམ་གྲོལ་ལམ་མོ། །ཆོས་ཤེས་པ་དེའི་དམིགས་ཡུལ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་ལམ་རྣམས་ཡིན་ནོ། །གཞན་ཡང་ཆོས་ཤེས་པ་དེ་ནི་འདོད་པའི་གཉེན་པོ་ཡིན་ནོ་ཞེས་བྱ་སྟེ། འདོད་པའི་སྤང་བྱ་རིས་ལྔ་པོ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་དང་། གཉེན་པོ་ཆོས་ཤེས་མཐོང་སྒོམ་གྱི་ལམ་གྱིས་བསྡུས་པ་བདེན་བཞི་ལ་དམིགས་པ་ཐམས་ཅད་ཡིན་པའི་ཕྱིར་བཤད་པ་ཡིན་གྱི། དེར་མ་ཟད་གཞན་ཡང་ཆོས་ཤེས་ཀྱིས་ཁམས་གོང་མ་གཉིས་ཀྱི་གཉེན་པོ་བྱེད་པའང་ཡོད་དེ། སྒོམ་པའི་ལམ་ལ་འགོག་པ་ལ་ཆོས་ཤེས་པའམ། ལམ་ལ་ཆོས་ཤེས་པ་གང་ཡིན་པ་དེ་དག་ནི་འདོད་པ་ལ་སོགས་པ་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་ཏེ། འདོད་པའི་རྟེན་ཅན་གྱི་འཕགས་པས་འདོད་པའི་སྒོམ་སྤང་དགུ་ཆོས་ཤེས་པས་རིམ་གྱིས་སྤངས་ནས་ཁམས་གོང་མའི་སྒོམ་སྤང་ཡང་སྔར་འདྲིས་པའི་ལམ་དེ་ཉིད་བསྐྱེད་ནས་སྤོང་བ་དག་སྲིད་པའི་ཕྱིར་རམ། ཡང་ན་འགོག་ལམ་ལ་ཆོས་ཤེས་ཀྱི་དམིགས་པ་འགོག་ལམ་གཉིས་ནི་ཟག་མེད་ཡིན་པས་ཁམས་སུ་མ་གཏོགས་པས་དམིགས་པ་དམན་པ་མ་ཡིན་པས་དེ་དག་ལ་དམིགས་པའི་ཆོས་ཤེས་ནི་ཁམས་གསུམ་གའི་གཉེན་པོ་ཡིན་པ་སྲིད་པའི་ཕྱིར་རོ། །ཡིན་ཡང་སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པ་དེ་ཁམས་གོང་མའི་གཉེན་པོར་མི་འགྱུར་ཏེ། སྡུག་བསྔལ་དང་ཀུན་འབྱུང་ལ་ཆོས་ཤེས་པའི་དམིགས་པ་ནི་འདོད་པའི་བདེན་པ་དང་པོ་གཉིས་ཟག་བཅས་ཡིན་པས་དམིགས་པ་དམན་པས་དེ་དག་ལ་དམིགས་པའི་ཆོས་ཤེས་ནི་ཁམས་གོང་མ་གཉིས་ཀྱི་གཉེན་པོ་མ་ཡིན་ཏེ། རྣམ་པར་སུན་འབྱིན་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་དང་། དམན་པས་མཆོག་སུན་འབྱིན་པ་མི་ནུས་པའི་ཕྱིར་རོ། །དེའི་རྣམ་པ་ལ་མི་རྟག་པ་ལ་སོགས་བཅུ་དྲུག་ཡོད་ལ། དེའི་ངོ་བོ་ནི་དགེ་བ་འབའ་ཞིག་གོ ། དེ་བཞིན་ཆོས་ཤེས་པ་དེ་བསམ་གཏན་བཞི་དང་མི་ལྕོགས་མེད་པ་དང་བསམ་གཏན་ཁྱད་པར་ཅན་ཏེ་དྲུག་ན་ཆོས་ཤེས་བྱ་བ་དྲུག་ཡོད་དོ། །དེ་ཡང་འདོད་པའི་ཁམས་ཀྱི་རྟེན་ཅན་ཁོ་ན་ཡིན་ཏེ། འདོད་པའི་གཉེན་པོ་ཡིན་པའི་ཕྱིར་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཆོས་ཤེས་མངོན་སུམ་དུ་མི་བྱེད་དོ། །འདི་ནི་དྲན་པ་ཉེར་གཞག་བཞི་པོ་རེ་རེ་ནས་ཡིན་པ་ཡོད་དེ། ཅི་རིགས་པ་རེས་འགའ་ལུས་ནས་རེས་འགའ་ཆོས་ཀྱི་བར་དུ་དམིགས་པ་སྲིད་པའི་ཕྱིར་རོ། །འདིས་ཤེས་པ་བཅུ་ལས་ཤེས་པ་དགུ་ལ་དམིགས་པར་བྱེད་དེ། རྗེས་སུ་ཤེས་པ་མ་གཏོགས་སོ། །ཡང་ཤེས་བྱའི་ཆོས་ཐམས་ཅད་ཆོས་བཅུར་དབྱེ་བ་ལས་འདིས་ལྔ་ལ་དམིགས་པར་བྱེད་དེ། འདོད་པའི་ཆོས་གཉིས་དང་ཟག་མེད་འདུས་བྱས་གཉིས་ཏེ་བཞི་དང་འདུས་མ་བྱས་ཀྱི་དགེ་བ་སྟེ་ལྔའོ། ། |
| Domain | ཆོས་ལུགས། |