18323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཆོས་སྒར་དགོན་ (1)
Part of speech མིང་ཚིག
Definition ཆོས་སྒར་དགོན་ཆོས་རྫོང་ནོར་བུའི་གླིང་ནི། ཁམས་ནང་ཆེན་ལྕི་ཆུའི་ཉེ་འདབས་ལྕི་ཉིན་སྲིབ་ལ་ གོང་ཞེས་པའི་ས་ཆར་ཆགས་ཡོད་ཅིང་། ཆགས་ཚུལ་དུས་རིམ་གསུམ་བརྒྱུད་ནས་བྱུང་བ་ཡིན་ཏེ་། དང་པོ་ཨོ་རྒྱན་སངས་རྒྱས་གཉིས་པ་བོད་དུ་མ་ཕེབས་སྔོན་བོན་དགོན་ཡིན་ཚུལ་བོན་པོའི་ལོ་རྒྱུས་ནང་གསལ་བ་དང་། གཉིས་པ་ཨོ་རྒྱན་རིན་པོ་ཆེ་བོད་དུ་ཕེབས་རྗེས་ས་གནས་འདིར་ཕེབས་ཏེ་ས་འདུལ་བྱིན་རླབས་མཛད་དེ་ནང་པའི་དགོན་པར་གྱུར། དེ་རྗེས་ཕྱི་ལོ་ ༡༢༦༥ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་ཡུལ་ནས་བོད་དབུས་གཙང་དུ་ཕྱིར་ཕེབས་མཛད་སྐབས། མདོ་ཁམས་བརྒྱུད་ས་ཆ་འདི་གར་ཕེབས་སྐབས་རྟེན་འབྲེལ་ལེགས་པོ་འགྲིག་ཚུལ་གསུངས་ཏེ་མ་འོངས་དགོན་པ་འདི་དར་རྒྱས་ཡོང་བའི་ལུངབསྟན་བསྩལ་ཅིང་། དགོན་པའི་མིང་ལ་ཆོས་རྫོང་ནོར་བུའི་གླིང་ཞེས་བཏགས་། བྱིན་རླབས་ཀྱི་རྟེན་གསེར་ཏོག་ཁྲུ་གང་དང་གསེར་འབུམ་ཆ་གཅིག དབུ་ཞྭ་བཅས་གནང་འཇགས་མཛད་། དེ་ནས་བཟུང་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པའི་ཆོས་སྡེར་གྱུར། སྔོན་དུས་དགོན་བདག་སྤྲུལ་སྐུ་དམིགས་བསལ་མེད་ཀྱང་གཙང་མདའ་དགོན་གྱི་བླ་མ་རྣམས་དང་། གཙོ་བོ་ཆོས་སྒར་དགོན་པ་རང་གི་དགེ་བཤེས་དགེ་སློང་བགྲེས་པ་རྣམས་ཀྱིས་འཛིན་སྐྱོང་མཛད་ཀྱི་ཡོད་ཅིང་། དགོན་པ་དར་རྒྱས་ཆེ་སྐབས་དགེ་འདུན་ཞལ་གྲངས་བརྒྱ་ཕྲག་དུ་མ་དང་ཉག་ཕྲའི་སྐབས་ལྔ་བཅུ་ལྷག་ཙམ་བྱུང་མྱོང་ཡོད། དེ་སྐབས་ཕྱི་རྟེན་ལྷ་ཁང་ཆེ་ཆུང་གསུམ་དང་གྲྭ་ཤག་མང་ཙམ་དང་། ནང་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་རྩ་ཆེན་མང་པོ་བཞུགས་ཡོད་ཀྱང་ཕྱིས་དུས་འགྱུར་སྐབས་ཕལ་ཆེ་བ་འཐོར་གཞིག་ཏུ་གྱུར། དུས་མཆོད་གཙོ་བོ་ས་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཀྱིས་གཙོས་ཀྱེེེ་རྡོར་སྒྲུབ་མཆོད། མཁའ་སྤྱོད་སྒྲུབ་མཆོད། ཀུན་རིག་སྒྲུབ་མཆོད། མ་ཎི་རིལ་སྒྲུབ། སྨྱུང་གནས་ཆ་བརྒྱད། མགོན་པོ་ཁྲོ་བཅུའི་བཟློག་པ་དང་ཕུར་བཟློག་སོགས་ལོ་ལྟར་ཆག་མེད་སྔོན་དུས་ཡོད་ཅིང་ད་ལྟ་འང་ལོ་ལྟར་གནང་མུས་ཡིན།