18609
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དགུ་པའི་མེ་ཡོས་ཕྱི་ལོ་ ༡༥༠༧ ལོར་གཙང་མངའ་རིས་སྨད་དུ་ཡབ་གཉག་གི་རིགས་སུ་གྱུར་པ་དགུང་ལོ་ང་བརྒྱད་པ་དང་། ཡུམ་དགུང་ལོ་ཉེར་གཉིས་པ་གཉིས་ཀྱི་སྲས་སུ་འཁྲུངས། ལྔ་བར་ཕུ་ཕུག་དགོན་པར་ཞུགས། དྲུང་པ་ཆོས་རྗེའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བླངས། རང་ཁྱིམ་དུ་ལོག ཡབ་ཡུམ་གྱིས་ཡི་གེའི་ཀློག་བསླབས། བདུན་པར་དྲུང་པ་ཆོས་རྗེ་ལས་གཤིན་རྗེ་གཤེད་དམར་གྱི་དབང་ཞུས། གསང་མཚན་ལ་དཔལ་ཞེ་སྡང་རྣམ་པར་དག་པའི་རྡོ་རྗེ་ཞེས་བཏགས། ས་སྐྱའི་ཆོས་སྐོར་དང་། གཞུང་ཆེན་གྱི་རྩ་བ་མང་པོ་བློར་བཟུང་། དྲུང་པ་ཆོས་རྗེར་ཡིག་རྒྱུགས་ཕུལ། བཅུ་བར་དྲུང་པ་ཆོས་རྗེ་ལས་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་ཞུས། བཅུ་གསུམ་པར་གསེར་མདོག་ཅན་དུ་ཕེབས། དཔྱིད་ཆོས་ལ་སློབ་གཉེར་མགོ་བཙུགས། རྟགས་རིགས་དང་། བློ་རིགས་སོགས་ཚད་མ་སྦྱངས། བཅོ་བརྒྱད་པར་ངོར་ཆེན་གྱིས་མཁན་པོ་དང་། དྲུང་པ་ཆོས་རྗེས་གསང་སྟོན་མཛད། བསྙེན་པར་རྫོགས། དྲུང་པ་ཆོས་རྗེའི་གདན་ཁྲི་མངའ་གསོལ། དྲུང་པ་རང་ཉིད་ཀྱི་ན་བཟའ་དང་། ཕྱག་དྲིལ་སོགས་བླ་ཆས་གནང་། ཉེར་གསུམ་པར་པཎ་ཆེན་བྱམས་པ་གླིང་པའི་གདན་ས་ལོ་ངོ་གསུམ་རིང་བསྐྱངས། ཉེར་བདུན་པར་དབུས་སུ་ཕེབས། མཚུར་ཕུར་བཀའ་བརྒྱུད་ཀྱི་ཆོས་སྐོར་རྫོགས་པར་ཞུས། ལྷོ་མོན་དུ་བྱོན། སོ་གཅིག་པར་ཡུམ་ཆེན་གྱི་དགོངས་རྫོགས་སུ་གསེར་མདོག་ཅན་དང་། སྟག་ལུང་སོགས་སུ་སྐུ་གསུང་ཐུགས་རྟེན་གསར་བཞེངས། གཙང་གི་དགོན་སྡེ་ཆེ་ཁག་མང་པོར་ཕེབས། ས་སྐྱ་དང་། རྙིང་མ། དགེ་ལུགས་བཅས་ཀྱི་བླ་མ་མང་པོར་ཤངས་ལུགས་ཀྱི་དམ་ཆོས་མང་པོ་བསྩལ། ཏཱ་ར་ན་ཐ་རབ་བྱུང་བཅུ་པའི་ཤིང་ཕག་ཕྱི་ལོ་ ༡༥༧༥ ལོར་འཁྲུངས་པར་དཔགས་ན། རེ་དྲུག་རེ་བདུན་ཙམ་ལ་འདས་སམ་སྙམ་པས་དཔྱད། གསུང་རྩོམ་ནི་དཀར་ཆག་དང་། བསྟོད་ཚོགས། ཆབ་ཤོག རྣམ་བཤད། ལམ་ཡིག རྣམ་ཐར། བློ་སྦྱོང་། དབང་བཤད། སྒྲུབ་ཐབས། བརྒྱུད་འདེབས། ཁྲིད་ཡིག རྟོགས་བརྗོད། དག་ཡིག་བཅས་ཆོས་ཚན་དོན་དགུ་བཞུགས། |