18793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉག་བྲག་རྡོ་རྗེ་གདན་ (1)
Part of speech མིང་ཚིག
Definition ཉ་བྲག་རྡོ་རྗེ་གདན་གྱི་ཆོས་སྡེ་ནི། དཀར་མཛེས་ཀྱི་ཡུལ་དུ་ཆགས། དེ་ཡང་རབ་བྱུང་བཞི་པ་ཤིང་འབྲུག ཕྱི་ལོ་ ༡༢༤༤ ལོར། འགྲོ་མགོན་ཆོས་འཕགས་ཀྱིས་པཀ་ཤཱི་རིན་ཆེན་དཔལ་བཟང་ལ་ལུང་བསྟན་ནས་གཙུག་ལག་ཁང་ཀ་བ་བརྒྱ་ཕྲག་གཅིག་གིས་བཏེགས་པའི་རྟེན་དང་བརྟེན་པར་བཅས་པ་བཞེངས་པར་མཛད་ཅིང་། རབ་གནས་ཀྱང་ཆོས་རྗེ་ཁུ་དབོན་གྱིས་རྒྱ་ནག་ནས་མཛད་པར་གྲགས། བདེན་དཔང་དུ་རྒྱ་གར་ཤར་ལི་མ་སྤྱན་དངུལ། ཟངས་མཆུ་ཅན། ཆེ་ཆུང་མདའ་ཚད་མ། གྲངས་བཅུ་བདུན། ཕྱིས་དགོན་པ་མ་གཏོར་བར་དུ་བཞུགས། དགོན་པ་འདི་ནི། དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་འཛིན་པའི་དགོན་སྡེའི་ཞིག་ཏུ་ཆགས་ཏེ་ད་ལྟའི་བར་དུ་གནས། རབ་བྱུང་དྲུག་པར་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་མཁན་ཆེན་བྱང་ཆུབ་དཔལ་ལམ་བྱང་ཆུབ་བླ་མ་ཞེས་ལུང་རྟོགས་བསྟན་པའི་མངའ་བདག་ཁྲོ་བོ་རྟ་མགྲིན་གྱི་སྤྲུལ་པ་ཡིན་པ་དྭགས་པོ་བཀྲ་རྣམ་གྱི་འདས་ལོག་ཏུ་གསལ་བ། མཁས་དང་གྲུབ་པའི་ཁྱུ་མཆོག་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཞིག་དགོན་འདིར་ཕེབས་ཤིང་སྐུ་ཚེ་གང་པོར་དགོན་འདིར་གཏན་བཞུགས་མཛད་ལ། བྲག་ཕུག་དང་གཡའ་ཁང་རྣམས་སུ་སྒྲུབ་པའི་རྒྱལ་མཚན་འཛིན་པར་མངོན་ཏེ། གཡུ་མཚོའི་ཁའི་བྲག་ཕུག་ལ་གནས་ཡིག་ལས་བཻ་རོའི་སྒྲུབ་ཕུག་ཏུ་གསུངས་པར། བླ་མ་འདི་རྗེ་རིན་པོ་ཆེ་ཙོང་ཁ་པ་དང་ཐུགས་འབྲེལ་ཆེ་ཤོས་ཡིན་པར་མངོན་ཏེ། ཞུ་ཡིག་ཕུལ་ཏེ་ཉིད་ཀྱི་ན་བཟའ་སོགས་དད་རྟེན་དུ་བཀའ་དྲིན་ཞུས་པར་རྗེའི་ཆོས་གོས་དང་སྐུ་འགག་སྐུ་འཆིང་བཅས་གནང་བར་མཁན་ཆེན་གྱི་སྲུང་མ་མགོན་པོ་ཕྱག་དྲུག་པ་གསར་བཞེངས་ཀྱི་གཟུངས་གཞུག་སྐུ་འགག་གཙོ་བོར་བྱས་ཕུལ་ཏེ་ས་སྐྱའི་སྲུང་མའི་གྲས་སུ་བཞུགས། ཕྱི་ལོ་ ༡༧༠༠ རབ་བྱུང་བཅུ་གཉིས་པའི་ནང་ངོར་ཨེ་ཝཾ་ཆོས་སྡེའི་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཁམས་ཕྱོགས་སུ་ཆིབས་ཞལ་བསྒྱུར་བ་ལས་རང་དགོན་དུ་ཟླ་བ་ཁ་ཤས་བཞུགས། སྔོན་འགྲོ་མགོན་ཆོས་འཕགས་ཀྱིས་གནང་བའི་ཀུན་རིག་གི་རྩ་ལྷ་རྣམས་ལ་གཟིགས་ཏེ་ཆེས་དཀོན་ལ་ངོ་མཚར་ཆེ་ངེས་ཀྱི་ནང་རྟེན་རྒྱ་གར་ཤར་ལི་མ་ཤ་སྟག་རེད་ཅེས་དང་རྟེན་རྣམས་ལ་མེ་ཏོག་འཐོར་ཞིང་། འདུས་སྡེ་ཀུན་ལ་དབང་ལུང་རྒྱ་ཆེར་བསྩལ། གཙུག་ལག་ཁང་དུ་བུམ་གཏེར་འཇོག་ཅིང་མགོན་ཁང་དུ་བསྟན་འགྲོར་དགེ་ལེགས་འབྱུང་བའི་ཕྲིན་བཅོལ་མཛད་ཅེས་གསུངས་ཚུལ་སྣང་། ད་ལྟའི་ཆར་དགེ་འདུན་པའི་གྲངས་བརྒྱ་ཕྲག་གཅིག་ལྷག་ཙམ་ཡོད།

{{#arraymap:ཉག་བྲག་རྡོ་རྗེ་གདན་

|; |@@@ | | }}