18826

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉང་རལ་པ་ཅན་ཉི་མ་འོད་ཟེར་ (1)
Part of speech མིང་ཚིག
Definition རྗེ་འདི་ཉིད་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་འབྲུག་ཕྱི་ལོ་ ༡༡༢༤ ལོར་ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཛེད་ས་སེར་དགོན་ཞེས་པར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་རྣལ་འབྱོར་གྱི་སྤྱོད་པ་སྣ་ཚོགས་མཛད་པས་ཀུན་གྱིས་སྨྱོན་པར་འཛིན་ཞེས་གྲགས། ཡབ་ཀྱི་ས་ནས་རྟ་མགྲིན་སོགས་ཀྱི་དབང་གསན་ཏེ། མཛེད་ཕུ་གངས་རར་བསྒྲུབས་པས་ལྷའི་ཞལ་གཟིགས་པ་དང་། གཏེར་གྱི་ཁ་བྱང་མང་པོ་གནང་ཁོ་མཐིང་དང་། བསམ་ཡས། གནམ་སྐས་ཅན་གྱི་སྲིན་བྱ་བྲག དབེན་གནས་བྲག་རི་ལྷ་ཁང་སོགས་ནས་གཏེར་ཁ་མང་པོ་སྤྱན་དྲངས། སློབ་དཔོན་པདྨའི་རྣམ་ཐར་ཟངས་གླིང་མར་གྲགས་པ་ལེའུ་ཞེ་གཅིག་ཅན་ཁམས་གསུམ་ཟངས་ཁང་གླིང་དུ་གཏེར་ལ་སྦས་པ་བཏོན། འདི་ཇོ་མོ་མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་པ་ཡིན། ཡབ་ཉང་སྟོན་ཆེན་པོ་དང་། རྒྱ་སྨྱོན་པ་དོན་ལྡན། ཞིག་པོ་ཉི་མ་སེང་གེ། མལ་ཀ་བ་ཅན་པ། སྟོན་པ་ཁ་ཆེ་སོགས་བླ་མ་མང་དུ་བསྟེན་ནས་སྔགས་དང་མཚན་ཉིད་ཀྱི་གསན་པ་རྒྱ་ཆེར་མཛད། མུ་ཏིག་ཤེལ་གྱི་སྤ་གོང་སོགས་སུ་སྒྲུབ་པ་ལ་ནན་ཏན་མཛད་པས་གྲུབ་པའི་རྟགས་མཚན་དུ་བྱུང་། ཇོ་འབུམ་མ་ཁབ་ཏུ་བཞེས་པར་སྲས་ནམ་མཁའ་འོད་ཟེར་དང་། ནམ་མཁའ་དཔལ་བ་གཉིས་འཁྲུངས། སྐུ་ཚེ་ཧྲིལ་པོར་སྒོམ་སྒྲུབ་དང་འཆད་སྤེལ་མཛད་ཅིང་། རྫུ་འཕྲུལ་མཐའ་ཡས་པ་བསྟན་པར་གྲགས་པ་སོགས་ཀྱིས་གྲུབ་མཐའ་རིས་མེད་ཀྱིས་ཚད་མར་འཛིན། རྙིང་མའི་འདི་ལ་གཏེར་སྟོན་གོང་མ་དང་། གུ་རུ་ཆོས་དབང་ལ་གཏེར་སྟོན་འོག་མ་ཞེས་གྲགས་སྙན་ཤིན་ཏུ་ཆེ་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ཅེས་པ་བརྩམས། མཐར་དགུང་གྲངས་དྲུག་ཅུ་རེ་དགུ་པ་རབ་བྱུང་གསུམ་པའི་ཆུ་བྱི་ཕྱི་ལོ་༡༡༩༢ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུའི་བཀོད་པ་བསྡུས། ཆགས་ལོ་ཙཱ་བས་གདུང་ཞུས་པས་མེ་སྤར་མ་ནུས། སླར་ཞུགས་རང་འབར་དུ་གྱུར་ཏེ། རྟེན་རིང་བསྲེལ་ཁྱད་པར་ཅན་མང་དུ་བྱོན་ཞེས་གྲགས། སློབ་མའི་གཙོ་བོ་ནི། སྲས་འགྲོ་མགོན་ནམ་མཁའ་དཔལ་བ་ཡིན་ཅིང་། ཁོང་ལ་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་གཏད་དེ་བསྟན་པའི་བདག་པོར་གྱུར།

{{#arraymap:ཉང་རལ་པ་ཅན་ཉི་མ་འོད་ཟེར་

|; |@@@ | | }}