From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉན་ཐོས་ཀྱི་ཐེག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཉན་ཐོས་ཀྱི་ཐེག་པ་ནི། ཕྱི་མཚན་ཉིད་རྒྱུའི་ཐེག་པའམ་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་གྱི་ཡ་གྱལ་ལས་དང་པོ་སྟེ། ཐེག་པ་འདིའི་འཇུག་སྒོ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་ནི། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་ལ་འཇུག་སྒོ་སོ་ཐར་རིགས་བདུན་གང་རུང་གི་ཚུལ་ཁྲིམས་བླངས་ནས་མ་ཉམས་པར་སྲུང་ལ། ལྟ་བ་ཕུང་ལྔས་བསྡུས་པའི་ཆོས་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པར་ཤེས་ཀྱང་ཆོས་བདག་ཕྲ་བ་ཆ་མེད་གཉིས་བདེན་པར་འདོད་པས། སྒོམ་པ་ཞི་གནས་བཞག་ཐབས་དགུ་དང་། ལྷག་མཐོང་བདེན་བཞི་བཅུ་དྲུག་སྒོམ་ཞིང་། སྤྱོད་པ་སྦྱང་ཡོན་བཅུ་གཉིས་སོགས་ལ་གནས་པས། འབྲས་བུ་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་སྟེ། བཞི་པོ་རེ་རེ་ལ་ཞུགས་གནས་གཉིས་རེ་བྱས་པས་བརྒྱད་ཐོབ་པར་འདོད་པ་ཡིན་ནོ། །ཞེས་དང་། འོད་གསལ་སྙིང་པོ་ལས། བདེན་པ་བཞིའི་དོན་ལ་ཡང་དག་པར་ལྟ་བ་དང་རྗེས་སུ་མཐུན་པར། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལྡན་པའི་སྒོ་ནས་གང་ཟག་གི་བདག་མེད་པ་གོམས་པས་གནས་སྐབས་ཀྱི་འབྲས་བུ་རྒྱུན་ཞུགས་ལ་སོགས་པ་བདུན་དང་། མཐར་འབྲས་ཁམས་གསུམ་ཀུན་ཏུ་སྦྱོར་བ་ཟད་པའི་དགྲ་བཅོམ་པ་ཐོབ་པར་བྱེད་ལ། དེ་ལའང་གྲུབ་པའི་མཐའ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་སུ་ཡོད་དོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
ཉན་ཐོས་ཀྱི་ཐེག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
དུས་འཁོར་སྦྱོར་དྲུག ཉན་ཐོས་ཀྱི་དོན་དུ་གསུང་བའི་སྡེ་སྣོད་གསུམ་ནི། བསམ་པ་རང་དོན་ཁོ་ན་དང་། སྦྱོར་བ་ཉམས་ལེན་ནི། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་གསུམ་ལས་བརྩམས་ཏེ། ལྟ་བ་གང་ཟག་གི་བདག་མེད། སྤྱོད་པ་འཚེ་བ་མེད་པ། སྒོམ་པ་ཞི་ལྷག་གི་རྣལ་འབྱོར་རྣམས་སྟོན། བརྩོན་འགྲུས་རབ་ཀྱིས་བསྒོམས་ན། ཚེ་གསུམ་ཀྱིས་ཉན་ཐོས་དགྲ་བཅོམ་པ་དང་། བསྐལ་པ་བརྒྱས་རང་སངས་རྒྱས་ཐོབ་ནུས་པ་ནི་ཡིན། ཕར་ཕྱིན་དྲུག་ལ་སོགས་པ་མིང་ཙམ་ལས་ངོ་བོ་ཚང་བར་མ་བཤད། ཐེག་དམན་གྱི་སྡེ་སྣོད་གསུམ་པོ་ཁོ་ནའི་དོན་བསྒོམས་ཀྱང་། འདིས་སངས་རྒྱས་ཀྱི་ལམ་མ་རྫོགས་པས། སངས་རྒྱས་ཐོབ་པར་མི་ནུས་སོ། །
|