18845

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས་ཀྱི་བསྔོ་བ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། སོ་ཐར་གྱི་མདོ་ལས། སོ་སོར་ཐར་པ་སྟོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེ་ཡིས་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག། །ཅེས་གསུངས་པ་བཞིན་དུ། རྫོགས་བྱང་དུ་བསྔོ་བ་ཉན་ཐོས་རྣམས་ཀྱང་བྱེད་མོད། འོན་ཀྱང་རྫོགས་བྱང་སྒྲུབ་མི་ནུས་པ་ལྟར་རོ། །ཕྱི་ནང་གི་དངོས་པོ་ཐམས་ཅད་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་རྒྱུར་བསྔོ་བའི་སྨོན་ལམ་རླབས་པོ་ཆེ་ཡང་གསུངས་པ་ཡིན་ཏེ། ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལས། བྲམ་ཟེ་ཤིང་རྟ་འདོད་པ་ལ་དགའ་ཞིང་སྤྲོ་བའི་སེམས་ཀྱིས་བཏང་བས། ད་དུང་བདག་ཏུ་བཟུང་བའི་དངོས་པོ་ཐམས་ཅད་བཏང་ནས་ལན་དང་རྣམ་སྨིན་ལ་མི་རེ་བར་སེམས་ཅན་གྱི་དོན་རྫོགས་པའི་བྱང་ཆུབ་འཐོབ་པར་ཤོག་ཅེས་གསུངས་པ་དང། རྒྱལ་པོ་དཔལ་གྱི་སྡེའི་རྟོགས་བརྗོད་ལས་ཀྱང། བྲམ་ཟེ་དམ་པ་གཟུགས་བཟང་བ། །སྡུག་པའི་ཆུང་མ་འདི་ལོངས་ཤིག། །སྦྱིན་པ་འདི་ཡིས་མྱུར་དུ་ནི། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པ་དེ་ལ་སོགས་པའི་བསྔོ་བ་མང་དུ་གསུངས་པའི་ཕྱིར་རོ། །སོ་ཐར་གྱི་མདོའི་བསྔོ་བ་དེ་ཉན་ཐོས་རང་རྒྱུད་པས་ཁ་ཏོན་དུ་བྱེད་ཀྱང། རྫོགས་བྱང་དུ་བསྔོ་བ་མ་ཡིན་ཏེ། མདོ་བཏོན་པའི་དགེ་བ་ལ་བརྟེན་ནས་སེམས་ཅན་གཞན་གྱིས་སངས་རྒྱས་ཐོབ་པར་སྨོན་པ་ཙམ་ལས། རང་ཉིད་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་སྨོན་པ་མ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།