18847

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས་ཀྱི་བསླབ་བྱའི་གནང་བཀག་ (1)
Part of speech མིང་ཚིག
Definition སྡོམ་གསུམ། དཔེར་ན་ཐམས་ཅད་ཡོད་སྨྲ་བའི། །མདོ་སྡེ་ལེགས་སྦྱར་སྐད་དུ་ཡོད། །གནས་བརྟན་པ་དག་ལེགས་སྦྱར་གྱི། །མདོ་སྡེ་བཏོན་ན་ལྟུང་བར་བྱེད། །ཐམས་ཅད་ཡོད་སྨྲ་རང་ཉིད་ཀྱི། །གསོལ་གཞིའི་ཆོ་གས་སྡོམ་པ་སྐྱེ། །དེ་ཡི་ཆོ་ག་བཞིན་བྱས་ན། །སྡེ་བ་གཞན་གྱི་དགེ་སློང་འཇིག ། ཐམས་ཅད་ཡོད་སྨྲ་སྨིན་མའི་སྤུ། །བཞར་ན་ལྟུང་ཡིན་སྡེ་པ་འགའ། །མ་བཞར་ན་ནི་ལྟུང་བར་འདོད། །ལ་ལ་བུ་རམ་ཕྱི་དྲོ་འགོག ། ཁ་ཅིག་ལྟུང་བ་མེད་ཅེས་ཟེར། །ལ་ལ་བྱིན་ལེན་ལག་པ་བཀན། །ལ་ལ་དེ་ལས་གཞན་དུ་བྱེད། །འགའ་ཞིག་ལྷུང་བཟེད་བྱིན་ལེན་བྱེད། །ལ་ལ་ལྷུང་བཟེེད་བྱིན་ལེན་འགོག ། ཁ་ཅིག་མིར་ཆགས་བསད་པ་ལ། །ཕམ་པ་ལ་ལ་ཕམ་པ་མེད། །ལ་ལའི་སོ་སོར་ཐར་པ་ལ། །གླེང་གཞིའི་ཚིགས་བཅད་གཅིག་ལས་མེད། །ལ་ལའི་རིང་ཐུང་གཞན་དུ་ཡོད། །མདོར་ན་ཕམ་པ་བཞི་པོ་ནས། །བརྩམས་ཏེ་བསླབ་པར་བྱ་བ་ཀུན། །སྡེ་པ་ཐམས་ཅད་མི་མཐུན་པས། །གང་གི་བཀག་ལ་གང་གི་གནང། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས། དེ་ཡང་ཉན་ཐོས་རྩ་བའི་སྡེ་བཞི་དང་གྱེས་པ་བཅོ་བརྒྱད་པོ་གཅིག་གིས་བཀག་པ་གཅིག་ལ་གནང་བས་གནང་བཀག་གཅིག་ཏུ་མེད་དེ། ཉན་ཐོས་རྩ་བའི་སྡེ་བཞི་ལ། འདུལ་བ་མི་འདྲ་བ་རྣམ་པ་བཞི། དེ་བཞིན་དུ་སྐད་མི་འདྲ་བ་རྣམ་པ་བཞི། མཁན་པོ་མི་འདྲ་བ་རྣམ་པ་བཞི། སྣམ་སྦྱར་གྱི་རྣམ་ཕྲན་གྱི་གྲངས་དང། གྲྭའི་རྟགས་མི་འདྲ་བ་རྣམ་པ་བཞི་ལ་སོགས་པ་ཡོད་ཅིང། གྱེས་པ་མི་འདྲ་བཅོ་བརྒྱད་ལ་ཡང་། དང་པོ་སྡོམ་པ་ལེན་པ་དང། བར་དུ་སྲུང་བ་དང། ཉམས་ནས་ཕྱིར་བཅོས་པ་དང། གསོ་སྦྱོང་གི་ཚེ་སོ་སོར་ཐར་པ་འདོན་པའི་ཚུལ་དང་། ཐ་མ་སྡོམ་པ་གཏོང་བའི་ཚུལ་ལ་སོགས་པ་ཕལ་ཆེར་མི་མཚུངས་པའི་ཕྱིར་རོ་ཞེས་སོ། །
Domain ཆོས་ལུགས།