18907

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས་རྩ་བའི་སྡེ་བཞི་ (1)
Part of speech མིང་ཚིག
Definition རྒྱ་གར་དུ་བྱུང་བའི་ཉན་ཐོས་ཀྱི་རྩ་བའི་སྡེ་པ་བཞི་སྟེ། འོད་སྲུང་ནས་བརྒྱུད་པ་ཕལ་ཆེན་སྡེ་པ་དང༌། སྒྲ་གཅན་འཛིན་ནས་བརྒྱུད་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཀ་ཏྱཱ་ཡ་ན་ནས་བརྒྱུད་པ་གནས་བརྟན་པའི་སྡེ་པ། ཉེ་བར་འཁོར་ནས་བརྒྱུད་པ་མང་བཀུར་བའི་སྡེ་པ་བཅས་བཞི་སྟེ། ཁ་ཆེ་པཎ་ཆེན་གྱི་གསུང་སྒྲོས་ལས། སྡེ་བཞི་ལས་དང་པོ་ཐམས་ཅད་ཡོད་སྨྲའི་སྡེ་པ་ནི། ཐམས་ཅད་ཡོད་སྨྲའི་མཁན་པོ་རྒྱལ་རིགས་སྒྲ་གཅན་ཟིན། སྐད་སཾ་སྐྲྀ་ཏའི་སྐད། སྣམ་སྦྱར་སྣམ་ཕྲན་ཉི་ཤུ་རྩ་ལྔ་མན་ཆད། དགུ་ཡན་ཆད། གྲྭའི་རྟགས་པད་མ་དང། ཨུཏྤལ་ལ་སོགས་པ། གཉིས་པ་ཕལ་ཆེན་པའི་སྡེ་པ་ནི། ཕལ་ཆེན་པའི་མཁན་པོ་བྲམ་ཟེའི་རིགས་འོད་སྲུང་ཆེན་པོ། སྐད་པྲ་ཀྲི་ཏའི་སྐད། སྣམ་ཕྲན་ཉེར་གསུམ་པ་ནས་བདུན་ཡན་ཆད། རྟགས་དུང། གསུམ་པ་མང་པོ་བཀུར་པའི་སྡེ་པ་ནི། མང་པོ་བཀུར་བའི་མཁན་པོ་འབྲེག་མཁན་གྱི་རིགས་ཉེ་བར་འཁོར། སྐད་ཟུར་ཆག་གི་སྐད། སྣམ་ཕྲན་ཉེར་གཅིག་པ་ནས་ལྔ་ཡན་ཆད། རྟགས་མེ་ཏོག་སོར་ཙི་ཀ། བཞི་པ་གནས་བརྟན་སྡེ་པ་ནི། གནས་བརྟན་པའི་མཁན་པོ་མཐའ་འཁོབ་འདུལ་བ་ཀ་ཏ་ཡ་ན། སྐད་པི་ཤ་ཙིའི་སྐད། སྣམ་ཕྲན་དང། གྲྭའི་རྟགས་མང་པོས་བཀུར་བ་དང་འདྲ་བར་གསུངས་སོ། །ཞེས་གསུངས།
Domain ལོ་རྒྱུས།