19211
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་སྐུ་མཆེད་ཆུང་བ་གཅུང་རིན་ཆེན་དཔལ་གྱི་སྲས་སུ། རབ་བྱུང་བཞི་པའི་ལྕགས་ཕག་ ༡༢༥༡ ལོར་འཁྲུངས། སྐུ་གཞོན་ནུ་ནས་མངོན་པར་ཤེས་པ་དང་སྔོན་གནས་རྗེས་དྲན་མང་པོ་གསུངས། བཅུ་གཅིག་པ་ལ་ཆོས་རྗེ་གཞོན་ནུ་ལ་རབ་ཏུ་བྱུང༌། འབྲུག་སྐོར་གྱི་གདམས་ངག་ཐམས་ཅད་དེ་ཉིད་ལས་རྫོགས། རྟོགས་པ་མཆོག་ཏུ་གྱུར། ས་སྐྱར་བླ་མ་ཆོས་ཀྱི་རྒྱལ་པོ་ལ་དགྱེས་རྡོར་དང་མཱ་ཡ་སོགས་གསན། བཅུ་དྲུག་ལ་གདན་སར་ཕེབས། ངོ་མཚར་བའི་རྣམ་ཐར་ཡང༌། དགུང་ལོ་བཅུ་པའི་དུས་ཚོགས་གྲལ་དུ་གར་བྱའོ་གསུངས། གར་ཡང་མ་བསླབས་པར་ལེགས་པར་མཁྱེན། གཞན་གྱིས་བདེ་མཆོག་ལ་ལྷ་མོ་བཞིས་བསྐོར་བ་དངོས་སུ་མཐོང༌། ས་གྲུ་བཞི་རུ་གསང་སྤྱོད་ལ་བྱོན་པར་ཉེ་གནས་ཀྱིས་བལྟས་པས། རྗེ་ཉིད་སྤྲོས་བཅས་དྲག་པོ་མཛད་པ་ལ། མེ་དཔུང་ཆེན་པོ། མེ་སྟག་མང་པོ་འཕྲོ་བར་མཐོང༌། ལྟ་སྒོམ་སྤྱོད་འབྲས་རྡོ་རྗེའི་མགུར་གསུང་དུས། ནམ་མཁའ་ནས་ཌཱ་ཀི་རྣམས་ཀྱིས་གླུ་གར་རོལ་མོས་དངོས་སུ་མཆོད། ཕྱིས་ཞིག་ཆོས་གྲལ་དུ་རྗེ་ཉིད་བདེ་མཆོག་ལྷན་སྐྱེས་མི་བསྐྱོད་པའི་དབུ་རྒྱན་ཅན་དུ་སྐལ་བ་དང་ལྡན་པས་མཐོང༌། སྒོམ་སྡེ་སྤྱི་ཁང་དུ་རྗེ་བཙུན་མའི་བྱིན་རླབས་མཛད་པའི་ཚེ་རྡོ་རྗེ་རྣལ་འབྱོར་མའི་སྐུར་ཀུན་གྱི་མཐུན་གྲུབ་ཏུ་བསྟན། ཚེ་འཕེལ་དུ་རབ་གནས་ལ་བྱོན་པའི་དུས། སྟག་གྲུ་ཁའི་ཡོན་བདག་རྣམས་ཀྱིས་ཐུབ་པའི་དབང་པོར་མཐོང༌། འབྲས་ཡུལ་དུ་བྱོན་སྐབས་ཤ་ར་གྲུ་ཁའི་མཉན་པ་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་དང༌། སྟེང་ཁང་དུ་ཚོགས་བརྒྱ་མཛད་པའི་དུས་རྡོ་རྗེ་གཏུམ་པོ་དང༌། སེངྒེ་གྲགས་ཀྱིས་ཚོགས་བརྒྱ་ཞུས་པའི་དུས་ཐམས་ཅད་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུར་མཐོང༌། ཁ་རོར་ཚ་དྲོ་མཛད་པའི་ཚེ། རྗེའི་དབུ་ལ་འཇའི་གདུགས་འཁོར་བ་ཡོན་སྒོམ་གྱིས་མཇལ། ལྷོ་བ་ཕུག་ཏུ་རབ་གནས་མཛད་སྐབས་ཉི་མ་བརྟོད་ལ་མནན། ལྷ་སར་ཕེབས་དུས་ཇོ་བོ་དང་རྗེ་ཉིད་ཀྱི་བར་དུ་འོད་ཟེར་གྱིས་སྦྲེལ་བར་ཀུན་གྱིས་མཐོང༌། སྐུ་གཤེགས་ཁར་རྗེ་ཉིད་གཟིམས་ཁང་གི་སྟེང་དུ་བྱོན་ནས་ཡུན་རིང་མ་བྱོན། དེར་ཇོ་བོ་རིན་འོད་གཟིགས་སུ་བྱོན་པ་ན། ནམ་མཁའ་ལ་སྐྱིལ་ཀྲུང་མཛད་དེ་བཞུགས་པ་དང༌། དེ་ནས་སྐས་ལ་ནམ་བྱོན་ཆ་མེད་པའི་གཟིམས་མལ་དུ་བྱོན་ནས་བཞུགས་པ་སྟེ། སྐུ་ཡི་བཀོད་པ་གཉིས་སུ་བསྟན། འབྲུག ར་ལུང༌། མདོ་མཁར། ཆོས་རྫོང་སྟེ་གདན་ས་ཡ་བཞིར་རྟེན་བཞེངས་དང༌། ཡང་དགོན་རྒྱལ་བའི་ཕོ་བྲང་ཕྱག་བཏབ། སོ་བདུན་པ་མེ་ཕག་ ༡༢༨༧ ལོའི་དབྱར་ཟླ་ར་བའི་ཚེས་བརྒྱད་ལ་གཟུགས་སྐུའི་སྣང་བ་ཆོས་སྐུའི་ངང་དུ་གཤེགས་སོ། །སློབ་མ་ཡང་རྒྱ་སྒོམ་ཤཱཀྱ་རིན་ཆེན་སོགས་མོས་གུས་ཀྱི་རྟེན་འབྲེལ་འགྲིགས་པས་མཆོག་གི་དངོས་གྲུབ་ཐོབ་པའི་སྒོམ་ཆེན་དང༌། འགྲོ་བ་ལ་ཕན་འདོགས་ནུས་པའི་སྐལ་ལྡན་གྱི་བུ་སློབ་མང་པོ་བྱོན་ཏོ། ། |
{{#arraymap:ཉི་མ་སེངྒེ་
|; |@@@ | | }}