19399
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་ཡ་གྱལ་སོར་སྡུད་ཀྱི་ཉིན་མཚན་གྱི་རྣལ་འབྱོར་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་ཁྲིད་ཡིག་མཐོང་བ་དོན་ལྡན་ལས། སྣོད་ཀྱི་འཇིག་རྟེན་ལ་ཆགས་འཇིག་གཉིས། བཅུད་ཀྱི་སེམས་ཅན་ལ་སྐྱེ་འཆི་གཉིས། ལོ་ལ་བགྲོད་པ་གཉིས། ཟླ་བ་ལ་ཕྱོགས་གཉིས། ཞག་ལ་ཉིན་མཚན་གཉིས། ཁམས་འཕོ་བ་ལ་གཡས་གཡོན་གཉིས། དུས་སྦྱོར་དང་རླུང་གི་འཕོ་བ་ལའང་མཉམ་པ་དང་མི་མཉམ་པ་གཉིས་སོགས་ཐབས་ཤེས་ཀྱི་དབྱེ་བའི་དག་པས་མཚན་མོ་སྟེ་མུན་པའི་ནམ་མཁར་དུ་བ་ལ་སོགས་པའི་མཚན་རྟགས་བཞི་མངོན་སུམ་དུ་མཐོང་བའི་མཚན་མོའི་རྣལ་འབྱོར་དང། འབར་བ་ལ་སོགས་པའི་ཉིན་རྟགས་དྲུག་མངོན་སུམ་དུ་མཐོང་བའི་ཉིན་མོའི་རྣལ་འབྱོར་གཉིས་ངེས་པར་དགོས་པ་ཡིན་ཏེ། རྒྱུད་ཕྱི་མ་ལས། མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་ནམ་མཁའ་ལ་ནི་འབར་བ་ལ་སོགས་ཀྱང། ཞེས་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང། ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་ནམ་མཁའ་ལ་རྣལ་འབྱོར་དུ་བྱའོ། །ཀོའུ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེས་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བསླབས་པར་བྱའོ། །ཞེས་གསུངས་པས། མཚན་མོའི་རྣལ་འབྱོར་གྱིས་གཡས་ཀྱི་དཀྱིལ་འཁོར་ལྔ་དང། ཉིན་མོའི་རྣལ་འབྱོར་གྱིས་གཡོན་གྱི་ལྔ་རྣམས་དབུ་མར་བསྡུས་པས་ཉིན་མཚན་གྱི་རྟགས་ངེས་པ་བཅུ་སོགས་འཆར་པ་ཡིན་ཏེ། གཙོ་ཆེ་བའི་དབང་དུ་བྱས་པའོ། ། |
| Domain | ཆོས་ལུགས། |