1946
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། འཛི་ཀའི་སྟོད་ཕྱོགས་ཀྱི་ཟམ་ངོས་སམ་འཛམ་ངོས་ཞེས་པའི་གྲོང་སྡེ་དེར་ཡབ་རི་འཕོངས་ལྷ་བརྟན་དང་ཡུམ་མང་དགེ་བཟའ་བོ་ཀོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་ཚན་ཆུ་མོ་བྱ་ཡི་ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་དགུ་ཙམ་ནས་ཀློག་ཡིག་སློབ་པ་ལ་ཞུགས་ཏེ་ཇི་བཞིན་ལེགས་སྦྱང་གིས་རིང་པོར་མ་ཐོགས་པར་ཀློག་འདོན་མཁས་པའི་རྩེར་སོན་ཞིང༌། དགུང་ལོ་བཅུ་གསུམ་པའི་དུས་སུ་སོག་པོ་བླ་མ་ཀུན་གྲོལ་མཆོག་དང་། བུད་ཁང་མདའི་བླ་མ་ཚུལ་ཁྲིམས་བཟང་པོ་ལས། ཇོ་ནང་པའི་ལུགས་ཀྱི་སྦྱོར་དྲུག་གི་སྔོན་འགྲོའི་ཆོས་ཁྲིད་དང་། སྡོམ་ལུང་དང་སྨིན་བྱེད་མཆོག་གི་དབང་གོང་མ་རྣམས་ལེགས་པར་ཞུས། མཚན་ལ་ཀུན་དགའ་ངག་གི་དབང་པོ་ཞེས་གསོལ། དགུང་ལོ་ཉེར་གསུམ་སྐོར་དུ། སོག་པོ་བླ་མ་མཆོག་དང༌། འཛམ་ངོས་བླ་མ་འཇམ་དབྱངས། སྦྱངས་པ་བླ་མ་ཀུན་དགའ་ངེས་དོན་སོགས་མཁས་གྲུབ་མང་པོ་ལས་མདོ་སྔགས་ཀྱི་གཞུང་ལུགས་མང་དུ་གསན། དགུང་ལོ་ཞེ་གཉིས་ཀྱི་དུས་སུ་གཙང་བའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་མཁས་གྲུབ་དབང་ཕྱུག་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་རྐྱེན་དེ་རྗེས་སུ་ལོ་ཕྱེད་གཉིས་ལྷག་ཙམ་ལ་བླ་མ་དམ་པ་འདི་ཉིད་ཀྱིས་གཟིམས་ཁང་སྒྲུབ་གྲྭ་ཚུན་གྱི་ཆོས་ཐུན་པ་གང་ཡོད་དག་ལ་རྡོར་སློབ་ཀྱི་ཐུགས་ཁུར་བཞེས་ཏེ་ཆོས་མཇུག་ལེགས་རྫོགས་ཀྱི་ཚུལ་དུ་དབང་ལུང་ཟབ་ཁྲིད་ཅི་དགོས་དང་། དབུ་ཕར་ཚད་གསུམ་དང་སྔགས་ཀྱི་རིམ་པ་སོགས་མདོ་སྔགས་ཀྱི་ཆོས་སྐོར་རང་རང་དང་གང་འཚམས་ཀྱི་བཤད་ཁྲིད་རྒྱུན་བཙུགས། དགུང་ལོ་དོན་བདུན་ཡས་མས་སུ་སྐུ་མྱ་ངན་ལས་འདས། འདས་ལོ་གསལ་བོ་མ་ངེས། |