1947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དགའ་ཐུབ་བསྟན་རྒྱལ་མཚན་སེང་གེ་ (1)
Part of speech མིང་ཚིག
Definition བོན་རེ་ཤིང་པའམ་ཀུན་དགའ་ཐུབ་བསྟན་རྒྱལ་མཚན་སེང་གེ་མཆོག་ནི། སྟོད་དབུས་གཙང་གི་མངའ་རིས་ཀྱི་ཆར་གཏོགས་པ་གཙང་བྱང་གི་ས་མཚམས་བོན་རེ་ཤིང་ཞུ་ཚང་ཟེར་བའི་གནས་དེར་སྐུ་འཁྲུངས། ལོ་བཅུ་ལྷག་གི་རྗེས་སུ་འཛམ་ཐང་ཆོས་རྗེས་གྲྭ་རིགས་ནང་སོ་ཀུན་དགའ་བཀྲ་ཤིས་དང་། མདོ་ཁམས་ཉིག་རྗེ་དགོན་གྱི་ཀ་བཞི་རྒྱལ་མཚན་སེང་གེའི་སྐུ་སྐྱེས་འཁོར་བཅས་དང་། ཨ་མདོ་ཀུན་དགའ་ལྷུན་གྲུབ་སོགས་ཆེད་མངགས་ཀྱིས་ཇོ་ནང་དཔལ་དུ་རྗེ་བཙུན་ཏཱ་ར་ནཱ་ཐ་བཞུགས་པའི་སྐུ་དྲུང་དུ་ཕྱིན་ཏེ་བོན་རེ་ཤིང་གི་སྐུ་སྐྱེས་འཛམ་ཐང་ཆོས་རྗེའི་ཡང་སྤྲུལ་ཡིན་མིན་གྱི་ཐུགས་བརྟགས་ཞུས་ཚེ། རྗེ་བཙུན་གྱི་ཞལ་སྔ་ནས་དེ་རྒྱལ་བ་སེང་གེའི་ཡང་སྤྲུལ་ཡིན་རུང་འཛམ་ཐང་ཕྱོགས་ལ་ཕན་ཐོགས་མི་ཡོང་གསུངས་ནས་དེ་ལུགས་ལྟར་ཐུགས་ཐག་བཅད། ཕྱིས་སུ་འཛམ་ཐང་ནས་ཨ་རྒེ་སྐུ་སྐྱེས་དང་ཁང་གཉེར་རྒྱལ་བ་དཔལ་སོགས་རེ་ཤིང་སྐུ་སྐྱེས་གདན་འདྲེན་གྱི་ཆེད་དུ་དབུས་གཙང་ཕྱོགས་སུ་སླེབས་ཏེ་ཇོ་སྣང་རྗེ་བཙུན་གྱི་དྲུང་ནས་ཆོས་བཀའ་ཅི་རིགས་དང་ཡིན་ལུགས་ཀྱི་ཚུལ་ཞུས་སྐབས། ཁོང་གིས་རེ་ཤིང་པ་འདི་རྒྱལ་བ་སེང་གེའི་སྐུ་སྐྱེས་ཡིན་ངེས་སུ་འདུག་ཀྱང་དགུང་ལོ་ཅུང་ཟད་ཆེ་ཞིང་བོན་ཕྱོགས་ལ་བག་ཆགས་ཡོད་ཤས་ཆེ་བས་ཁམས་ཕྱོགས་སུ་འགྲོ་དོན་མི་འོང་བའི་ཚུལ་གསལ་བོ་ཞིབ་རྒྱས་སུ་མཛད། འོན་ཀྱང་། སྐུ་སྐྱེས་འཁོར་རྣམས་ཀྱིས་ཡིད་ཆེས་བློ་གཏད་ཀྱིས་རེ་ཤིང་སྐུ་སྐྱེས་ཉིད་བླུས་ནས་ཇོ་ནང་དུ་ཁྲི་སྟོན་མཛད་ནས་རྗེ་བཙུན་གྱིས་སྐུ་སྐྱེས་ལ་སོ་ཐར་བསྙེན་རྫོགས་བཅས་ཀྱི་སྡོམ་པ་དང་རང་ལུགས་ཀྱི་ཟབ་བཀའ་དུས་འཁོར་དབང་ཡོངས་རྫོགས་སྦྱོར་དྲུག་མྱོང་ཁྲིད། ནེེེཻ་གུའི་ཆོས་བཀའ་ཆ་ཚང་། ཐམས་ཅད་རིག་པའི་དབང་ལུང་། བློ་སྦྱོང་ཁྲིད་ལུང་བཅས་སོགས་ཉེར་མཁོའི་ཟབ་བཀའ་དུ་མ་ལེགས་མཛད་གནང་། དེ་ནས་རེ་ཤིག་སྐུ་སྐྱེས་འཁོར་བཅས་ཁམས་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་ཆས་པ་ན་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་བོད་ལྗོངས་ཆབ་སྲིད་ཡོངས་རྫོགས་ལ་མངའ་དབང་བསྒྱུར་ཏེ་རྗེ་བཙུན་རིན་པོ་ཆེའིི་བསྟན་པའི་སྦྱིན་བདག་ཆེ་བ་མཛད་སྐབས་ཡིན་པས་སྐུ་སྐྱེས་དཔོན་སློབ་ཆིབས་བསུ་དང་གདན་འདྲེན་བཅས་ཀྱིས་ཆོས་བཀའ་ཅི་རིགས་ཞུས་ཤིང་འབུལ་བ་གཟབ་ལྡན་དང་མདོ་ཁམས་ཆོས་ཀྱི་རྒྱལ་པོའི་འཇའ་ས་བཀའ་ཡིག་སོགས་གནང་སྦྱིན་མཛད། དེ་ནས་དགུང་ལོ་ཉེར་བརྒྱད་སྟེང་རིམ་པར་གཙང་བཀྲ་ཤིས་ལྷུན་པོ་དང་ལྷ་ས་ར་མོ་ཆེ་སོགས་ལ་རིམ་པས་མཇལ་བཞིན་ཁམས་ཕྱོགས་སུ་ཕེབས་ཆས་མཛད་པ་ན་འབྲི་གུང་ཐོན་ཙམ་ལ་སྐུ་སྐྱེས་བསྙུང་བས་ཚུར་ལོག་སྟེ་སྐྱིད་ཤོས་བྲག་དཀར་དུ་གཟུགས་སྐུའི་མེ་ཏོག་འཕྲལ་དུ་ཡལ་ལོ། །