1949

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དགའ་བཀྲ་ཤིས་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་བཅུ་དགུ་པ། རབ་བྱུང་དགུ་པའི་མེ་སྤྲེལ་ཕྱི་ལོ་ ༡༥༣༦ ལོར་ཡབ་གྭ་ཟི་བཀྲ་ཤིས་རྒྱ་མཚོ་དང་། ཡམ་འོལ་ཁ་བཟའ་བདེ་སྐྱིད་བུ་འདྲེན་གཉིས་ཀྱི་སྲས་སུ་འཕན་ཡུལ་ལྷུན་གྲུབ་རྫོང་དུ་སྐུ་བལྟམས། དགུང་ལོ་བདུན་སྟེང་དུ་སྟག་ལུང་དུ་ཕེབས་ཤིང་འཇམ་མགོ་གྲུབ་པའི་དཔའ་བོ་མཆོག་གི་ཞལ་སྔར། སྦྱོར་དངོས་རྗེས་གསུམ་གྱི་ཆོ་གའི་བྱ་བ་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ལས་དགེ་ཚུལ་གྱི་དངོས་པོ་བསྒྲུབས་པའི་མཚན་ལ། ངག་དབང་རྣམ་རྒྱལ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། རྒྱལ་དབང་རྣམ་རྒྱལ་བཀྲ་ཤིས་དང་ཇོ་ནང་ཀུན་དགའ་གྲོལ་མཆོག་གཉིས་ཀྱི་ཞབས་ལ་གཏུགས་ནས་གདམ་པ་རྒྱ་མཚོ་ལྟ་བུ་ལེགས་པར་གསན། དཔལ་སྟག་ལུང་གི་གཙུག་ལག་ཁང་ཆེན་སྲིད་ཞིའི་དཔལ་འབར་དུ་མཁན་པོ་རྣམ་རྒྱལ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་དང་། ལས་སློབ་གསང་སྟོན་གྲིབ་ཚོད་པ་ལ་སོགས་པ་ལྔ་ཚོགས་ཀྱི་དབུས་སུ་མངོན་འགྱུར་བཅུའི་སྒོ་ནས་ཚིག་ཕྱི་མ་བསྙེན་པར་རྫོགས་པར་མཛད། རབ་བྱུང་དགུ་པའི་ཤིང་ཡོས་ཕྱི་ལོ་ ༡༥༥༥ ལོར་གདན་སའི་ཁྲི་ལ་བཞུགས་ཤིང་ཆོས་ཁྲིད་ཀྱི་ཕྱག་རིས་རྒྱ་ཆེ། ཞ་དམར་དཀོན་མཆོག་ཡན་ལག་དང་ས་སྐྱ་བ་བདག་ཆེན་ཀུན་དགའ་བསམ་གྲུབ་གཉིས་ལས་ཀམ་ལུག་དང་ས་ལུགས་ཀྱི་གདམ་པ་ཡང་ཞུས། འབྲི་སྟག་སྡེ་གཟར་འདུམ་པར་བགྱིས་ཏེ་ཞི་བར་མཛད། སོག་པོ་ཨལ་ཐན་རྒྱལ་པོས་གདན་དྲངས་པ་ལྟར་སོགས་ཡུལ་དུ་སྔ་ཕྱི་ལན་གཉིས་འགྲོ་དོན་བསྐྱངས། ༡༥༧༨ ལོར་ཁྲི་ཤོར་དུ་ཨལ་ཐན་ནས་དེ་བཞིན་གཤེགས་པའི་མཚན་སྟོད་དང་འཇའ་ས་སོགས་ཀྱང་ཕུལ་འདུག གོ་དན་གྱི་ཕོ་བྲང་ནས་གདན་དྲངས་པ་ལྟར་ལང་གྲུར་ཏི་ཤྲི་དབང་བསྐུར་སྡེར་བཞི་སྟེ་ཤར་སྤྲུལ་པའི་སྡེ། ལྷོ་དབང་གི་སྡེ། ནུབ་པདྨོའི་སྡེ། བྱང་རྒྱ་མཚོའི་སྡེ་བཅས་ལ་གནས་གཟིགས་དང་ཟབ་རྒྱས་ཀྱི་ཆོས་གསུངས་ཏེ་སྐྱེ་བོ་མང་པོའི་རྒྱུད་ལ་བྱང་ཆུབ་ཀྱི་ས་བོན་བཏབ། གདན་ས་མར་ཐང་རི་བོ་ཆེ་ལའང་ལན་གཉིས་ཕེབས་ཤིང་། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་དྲུང་ནས་རི་བོ་ཆེའི་ཆོས་སྐོར་ཡོངས་རྫོགས་ཉིད་ཀྱིས་གསན་པ་དང་། རྗེ་རྣམ་རྒྱལ་བཀྲ་ཤིས་ཀྱི་དྲུང་ནས་ཉིད་ཀྱིས་གསན་པའི་ཡ་ཐང་གི་ཆོས་སྐོར་ཡོངས་རྫོགས་མཚོ་སྐྱེས་རྡོ་རྗེ་ལ་གནང་སྟེ། གདན་ས་ཡས་མས་གཉིས་ཀྱི་དོན་བརྒྱུད་ཀྱི་ཆུ་བོ་གཅིག་ཏུ་འདྲེས་པར་མཛད། བཀའ་གདམས་པའི་གདན་ས་རྭ་སྒྲེང་གཙུག་ལག་ཁང་ལ་གསེར་གྱི་རྒྱ་ཕིབས་ཕུལ་ཞིང་། སྟག་ལུང་དུ་རྟེ་གསུམ་བཞེངས་བསྐྲུན་རྒྱ་ཆེར་གནང་། མཐར་ཤིང་སྦྲུལ་ཕྱི་ལོ་ ༡༦༠༥ ལོར་སྐུ་གཤེགས། སློབ་མ་ལ། སྟང་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ཇོ་ནང་ཀུན་དགའ་སྙིང་པོ། མཚོ་སྐྱེས་རྡོ་རྗེ་ཁུ་དབོན། འབྲུག་པ་ཡབ་སྲས། ཇོ་ནང་གདན་ས་བ། རྗེ་དབོན་ཀུན་དགའ་དཔལ་བཟང་། ཤིང་རྟ་སྤྲུལ་སྐུ་འཆི་མེད་འོད་ཟེར། རྡོ་རིང་དབོན་པོ་ཀུན་དགའ་རྒྱལ་མཚན། ལྕགས་ཟམ་བསྟན་འཛིན་སྤྲུལ་སྐུ། འབྲི་གུང་ཆོས་རྒྱལ་ཕུན་ཚོགས། བྲག་སྟོད་ལྷ་དབང་གྲགས་པ། ཀ་བཞི་ཚུལ་ཁྲིམས་འགྱུར་མེད། སྤྱང་ལུང་དང་ལོ་གཉིས་ཀྱི་གདན་ས་བ་གཉིས། འབམ་རོམ་རིན་ཆེན་མགོན་པོ། འབྲོང་ངུར་བསྟན་འཛིན་གྲགས་པ། ཡོངས་འཛིན་རྣམ་རྒྱལ་དཔལ་བཟང་། བོད་ཁམས་ཆོས་རྗེ་མི་ཏྲི་སྐལ་བཟང་དབང་པོ། སྤྱང་ལུང་པ་སྟོན་སྒོམ་ཆོས་གྲུབ་དཔལ་བཟང་། བཀའ་བཅུ་བ་བཀྲ་ཤིས་ཆོས་འཕེལ་སོགས་མང་དུ་བྱོན་ནོ། །