19576
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཟི་བརྗིད་ཨ་དཀར་གྱི་མདོ་ལས་གསུངས་པ་ལྟར་ན། ཕྱི་ནང་གི་དབང་ལུང་མན་ངག་ཟམ་མ་ཆད་པ་དབང་རྒྱུད་ཆུ་བོའི་རྒྱུན་ལྟར་དུ་འབྲེལ་ཆགས་པའམ། ཡང་ན་ཤེལ་དཀར་གྱི་འཕྲེང་བ་ལྟར་དུ་བརྒྱུད་པ་བསྒྱུར་ལམ་ཟབ་མོའི་དངོས་གྲུབ་བསྙེམས་ཤིང་སྒྲུབ་པ་མཐར་ཕྱིན་གྱི་རྟགས་མཚན་ཐོན་པས་ཐུགས་རྗེ་ཆེ་བ་ནི་ནམ་མཁའི་ཀློང་ལྟར་རྒྱ་ཁྱོན་ཚད་ལས་འདས་པ་དང་། ས་གཞིའི་གཏོས་ལྟར་ཀུན་ཤོང་ཞིང་ཡངས་པ། བར་སྣང་གི་དབྱིངས་ལྟར་ཡངས་ཤིང་དོག་པ་མེད་པ། རྒྱ་མཚོའི་གཏིང་ལྟར་ཁ་གཏིང་མེད་པ། ཉི་མའི་ཚུལ་ལྟར་ཀུན་ལ་སྙོམས་པ། དཔག་བསམ་ལྗོན་ཤིང་ལྟར་ཡོན་ཏན་ཀུན་འབྱུང་བ། བར་སྣང་གི་ཐོག་ལྟར་མཐུ་རྩལ་སྟོབས་ཤུགས་ལྡན་པ། ཡིད་བཞིན་ནོར་བུ་ལྟར་དགོས་འདོད་འབྱུང་བ། འདམ་གྱི་ཕུར་པ་ལྟར་ཕྲིན་ལས་གང་ཡང་ཐོགས་པ་མེད་པ། རུས་སྦལ་གྱི་སྟབས་ལྟར་སྐལ་མེད་དག་ལ་གབ་ཅིང་སྦ་བ། མ་སངས་ག་ལྟར་ཐམས་ཅད་ཟིལ་གྱིས་གནོན་པ། རྒྱལ་པོའི་བཀའ་ཁྲིམས་ལྟར་ཀུན་ལ་དབང་བསྒྱུར་བ། བློན་པོའི་ཚོགས་བཞིན་མཁས་པའི་ཁྱད་པར་དང་ལྡན་པ། བཙུན་མོའི་ཚུལ་ལྟར་གཙང་ཞིང་མཛེས་པའི་སྒེག་དང་ལྡན་པ། ཆུ་སྲིན་གྱི་གྲེ་ནང་གི་ནོར་བུ་བཞིན་དོན་ལ་མི་འཆོར་བའི་གཟུངས་དང་ལྡན་པ། རྒྱལ་བའི་སྲས་ལྟར་རིགས་བཟང་ཁུངས་བཙུན་པ་ལས་སོགས་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན་གང་དག་ལ་ཉེ་བ་ནང་གི་བླ་མ་ཞེས་བྱ་སྟེ། དེ་ཉིད་ལས། ཉེ་བ་ནང་གི་བླ་མ་ནི། སྔོན་གྱི་ཀུན་ཏུ་བཟང་པོ་ནས། ཚད་མེད་འོད་ལྡན་འཕྲུལ་སྣང་འོད་། ད་ལྟའི་སྟོན་པ་ཡན་ཆད་དུ། དབང་ལུང་མན་ངག་ཟམ་མ་ཆད། དབང་རྒྱུད་ཆུ་བོ་ལྟར་དུ་འབྲེལ། ཤེལ་དཀར་འཕྲེང་བ་ལྟར་དུ་བརྒྱུད། བསྒྱུར་ལམ་ཟབ་མོའི་དངོས་གྲུབ་བསྙེམས། སྒྲུབ་པ་མཐར་ཕྱིན་རྟགས་དང་ལྡན། ཐུགས་རྗེ་རྒྱ་ཁྱོན་ནམ་མཁའི་ཀློང་། ཀུན་ཤོང་ཡངས་པ་ས་གཞིའི་གཏོས། ཡངས་དོག་མེད་པ་བར་སྣང་དབྱིངས། ཁ་གཏིང་མེད་པ་རྒྱ་མཚོའི་དབྱིངས། ཀུན་ལ་སྙོམས་པ་ཉི་མའི་ཚུལ། ཡོན་ཏན་ཀུན་འབྱུང་དཔག་བསམ་ཤིང་། མཐུ་རྩལ་སྟོབས་ལྡན་བར་སྣང་ཐོག དགོས་འདོད་འབྱུང་བ་ཡིད་བཞིན་ནོར། ཕྲིན་ལས་ཐོགས་མེད་འདམ་གྱི་ཕུར། གབ་ཅིང་སྦ་བ་རུ་སྦལ་སྟབས། ཐམས་ཅན་ཟིལ་གནོན་མ་སངས་ག ཀུན་ལ་དབང་བསྒྱུར་རྒྱལ་པོའི་ཁྲིམས། མཁས་ཁྱད་ལྡན་པ་བློན་པོའི་ཚོགས། གཙང་མཛེས་ལྡན་སྒེག་བཙུན་མོའི་ཚུལ། དོན་ལ་མི་འཆོར་ཆུ་སྲིན་ནོར། རིགས་བཟང་ཁུངས་བཙུན་རྒྱལ་བའི་སྲས། མི་རྗེ་ལྷས་མཛན་གནམ་གྱི་བུ། མཚན་དང་དཔེ་བྱད་ཡོན་ཏན་འཚོགས། འགྲོ་ལ་སྙིང་རྗེ་དཔག་མེད་ལྡན། ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན། ནང་གི་བླ་མར་ཤེས་པར་བྱ། ཞེས་གསུངས་པས་སོ། ། |