1967
Dictionaries | Monlam Grand <
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྐུ་དབོན་ཀུན་དགའ་ལྷུན་གྲུབ་མཆོག་ནི། འབྲོག་དགེའི་དབོན་རིགས་སུ་སྐུ་འཁྲུངས། འདྲ་ནང་རི་ཁྲོད་དུ་གཙང་བ་ངག་དབང་རྣམ་རྒྱལ་ཀྱི་དངོས་སློབ་སྐྱེས་ཆེན་དམ་པ་མཁས་བཙུན་བཟང་པོའི་དྲུང་དུ། འབྲོག་དགེ་ལྷུན་གྲུབ་པ་བྱོན་ནས་རྗེ་དེ་ཉིད་ཀྱི་དྲུང་ནས་འབྲོག་དགེ་བ་རང་གིས་སོ་ཐར་རབ་བྱུང་དགེ་ཚུལ་སྔོན་དུ་འགྲོ་བའི་བསྙེན་པར་རྫོགས་པའི་སྡོམ་པ་ཇི་བཞིན་ལེགས་མནོས་མཛད་པ་སོགས་དམ་པ་ཆེས་མང་གི་ཞབས་རྡུལ་སྤྱི་བོར་ལེན་པའི་སྒོ་ནས་ཆོས་ལ་གསན་སྦྱང་བྱས་ཤིང༌། དེ་མཚམས་ཤིག་ནས་རྗེ་འབྲོག་དགེ་ལྷུན་གྲུབ་པ་གང་ཉིད་རྔ་ཡུལ་ལྕགས་རྩི་མདའ་གཉིས་ཀྱི་སེར་སྡེ་གང་དག་གིས་ཀླད་དགོན་བདག་ཏུ་མངའ་གསོལ་བ་ནས་བཟུང་། རྗེ་འབྲོག་དགེ་འདི་ཉིད་ཀྱིས་རྩི་ནང་གི་དགོན་བདག་ཉེ་བར་མཛད་ལ་གཞི་དེར་ཆོས་སྡེའི་དགོན་པ་གསར་འདེབས་ཀྱི་སྒོ་ནས། ཆོ་ག་སོགས་ཇོ་ནང་རང་ལུགས་བཞིན་གྱི་སྲོལ་དང་། ངེས་དོན་གྱི་བསྟན་པ་ལ་འཆད་རྩོད་རྩོམ་གསུམ་གྱིས་བྱ་བ་རྒྱ་ཆེར་བྱས་ཤིང་ཁོང་གི་ཐུགས་སློབ་ཡང་། གཙང་བ་ཕྲིན་ལས་རྣམ་རྒྱལ་སོགས་དོན་གཉིས་མཛད་རླབས་ཅན་དུ་མ་ཞིག་ཀྱང་བྱུང་ལ། བར་སྐབས་ཤིག་ན་ཨ་སྐྱོང་དམག་ཟོར་མགོན་པོའི་འབངས་སྡེར་གཏོགས་པ་ཆོས་སྐོར་རབ་བརྟན་ཞེས་པས། རྒྱ་ནག་མཁན་པོའི་རྒྱུ་ནོར་སོགས་ལ་ཇག་ཆོམ་བྱས་པས་རྒྱ་ཀྱང་ལཱའི་ས་སྒོ་ནས་ཏཱ་ལོ་ཡེ་གསུམ་གྱི་རྒྱ་དམག་དཔུང་ཆེན་འཁྲུགས་ཏེ་སྟོབས་ཤེད་ཀྱིས་ཨ་སྐྱོང་དཔོན་༼ཁང་སར་དཔོན་དམག་ཟོར་མགོན་པོ། མཆན། ༽བཙན་བཟུང་བྱས་ནས་ཁྱེར་བའི་ལམ་བར་དུ་དཔོན་དེ་ཉིད་ཤི་བའི་སྐབས། རྗེ་དབོན་ལྷུན་གྲུབ་ཉིད་དང་། གཙང་བ་ཕྲིན་ལས་རྣམ་རྒྱལ་སོགས་ཀྱིས་སྤུར་ཆོས་སྐོར་ལ་ཐུགས་ཁུར་ལེགས་བཞེས་མཛད་པས་རྗེ་སྐུ་དབོན་ཉིད་ཧ་ཅང་སྐུ་ངོ་ཆེ་བར་གྱུར། འབྲོག་དགེ་སྐུ་དབོན་གང་ཉིད་ལ་རྒྱལ་རོང་ཕྱོགས་ཀྱི་དགོན་སྡེ་བདུན་དང་གྲྭ་པ་བརྒྱ་ཕྲག་བརྒྱད་ཀྱི་ཁྲི་འཛིན་མཆོག་ཏུ་སྒོ་ཀུན་ནས་བསྟན་པ་ཡོངས་གཏད་མཛད། ཡང་བར་འགའ་ཞིག་ཏུ་རྗེ་ཉིད་ཀྱིས་གནམ་ལྕགས་དགོན་དུ་གནོད་སྦྱིན་བཀྩེ་ལྕམ་སྲིང་གི་སྲོག་གཏད་མཛད་པས་ཆོས་སྐྱོང་འཁོར་བའི་རྟགས་མཚན་དངོས་སུ་བྱུང་ཞིང་། ཉིད་ཀྱི་ཐུགས་སྲས་གྲགས་ཅན་ཨ་སྐྱོང་བླ་མ་དགེ་འདུན་རྒྱ་མཚོ་དང༌། གོས་ལྷ་ཀུན་དགའ་ཆོས་དབྱིངས་སོགས་དུ་མ་ཞིག་ཡོད། རྗེ་འདི་ཉིད་དབང་ཆོས་ཀྱི་བརྒྱུད་པ་ལ་བཞུགས་པའི་བླ་མ་རྡོ་རྗེ་འཛིན་པ་མཆོག་ཅིག་ཡིན་ངོས་ནས་ཉིད་ཀྱི་མཛད་པ་མཐར་ཕྱིན་སྐད། རྗེ་འབྲོག་དགེ་པ་འདི་ཉིད་ཀྱི་ཡང་སྤྲུལ་སྨྲ་རོང་ཕྱོགས་ཀྱི་ས་བར་དུ་འཁྲུངས་པ་ཨ་ལ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་དབང་ཕྱུག་ཅེས་བྱ་བ་བྱུང་ཞིང་དེ་ཉིད་ཀྱི་གདུལ་བྱ་དེ་ཕྱོགས་སུ་རེ་ཞིག་རྫོགས་རྗེས་སོ། ། |