1969

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དགའ་སེངྒེ་ (1)
Part of speech མིང་ཚིག
Definition འཇམ་དབྱངས་ཀུན་དགའ་སེངྒེ་མཆོག་ནི། སེངྒེ་རྒྱལ་པོའི་སྲས་སུ་རབ་བྱུང་ལྔ་པའི་ཤིང་སྟག་ ༡༣༡༤ ལོར་སྐུ་བལྟམས། དགུང་ལོ་བཅུ་གཉིས་པ་ལ་ཡབ་ལ་ཁྲིད་གསན་པས། ཞག་ཉེར་གཅིག་ནས་རྟོགས་པ་འཁྲུངས། བཅུ་གསུམ་ལ་ཡབ་གཤེགས་པས། རྔོག་པའི་སར་བྱོན་ནས། རྒྱུད་དུ་མ་གསན་ཅིང་ཐུགས་སུ་ཆུད་པར་མཛད། རྣམ་དཔྱོད་གཞན་ལས་གཙང་བས། འཇམ་དབྱངས་ཀུན་དགའ་སེངྒེ་ཞེས་གྲགས། དགུང་ལོ་ཉེར་གཉིས་ལ། ས་སྐྱར་བླ་མ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་ལས་བསྙེན་པར་རྫོགས། སྤོས་སྐྱའི་དབེན་གནས་སུ། ལོ་གསུམ་ལ་འདག་སྦྱར་གནང་ནས་བཞུགས་པས། རྟོགས་པ་ལ་བོགས་ཐོན། སྐུ་མཚམས་གྲོལ་བ་དང་བཙུན་གསར་ཡང་དུས་གཅིག་ལ་བརྒྱ་ཕྲག་ལྷག་ཙམ་བྱུང༌། ཕ་ཇོའི་གདུང་རྒྱུད་དམ་སྤྲུལ་བློ་ལྡན་རྒྱལ་པོས་གདན་དྲངས་ཏེ། ལྷོ་གནས་རྣམས་སུ་ཕེབས་ཤིང་། དགེ་བྲག་སོགས་སུ་ཆོས་ཀྱི་འཁོར་ལོ་བསྐོར། ཁྱད་པར་ཐིམ་ཡུལ་ཟབ་ཡངས་བདེ་ཆེན་ཕུར་བྱོན་སྐབས། དགེ་བསྙེན་ཆེན་པོ་ཇག་པ་མེ་ལེན་གྱིས་གཟུགས་དངོས་སུ་བསྟན་ནས། བསུ་བར་མཛད་པའི་མཐར། ཕ་བོང་ལ་ཐིམ་པས་ཡུལ་གྱི་མིང་ལ་ཐིམ་ཕུ་ཞེས་གྲགས་པ་བྱུང༌། དེར་སྲོག་བདག་ཤན་པ་དམར་པོ་དམ་ལ་བཞག་ནས། དགེ་བསྙེན་གྱི་སྡོམ་པ་སྦྱིན་ཏེ། བཀའི་སྲུང་མར་བསྐོས་པས། དེ་ནས་འབྲུག་པའི་ཐུན་མིན་གྱི་བསྟན་སྲུང་དུ་གྱུར། དབུས་གཙང༌། སྟོད་མངའ་རིས། སྨད་མདོ་ཁམས། བར་དྭགས་ཀོང་སོགས་ནས། དམ་པའི་ཆོས་དོན་དུ་གཉེར་པ་རྣམས་ལ་ཕྱག་ཆོས་དང་། རོ་སྙོམས་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས། རང་རང་གི་བློ་དང་མཐུན་པ་བསྟན་ནས། ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད། རྒྱ་ནག་ཏུ་གོང་མ་རྒྱལ་པོ་ཡེ་སུན་ཐེ་མུར་ལ་དབང་གི་བུམ་པ་བསྐུར་གནང༌། ཕོ་ཉས་ཕུལ་སྐབས་བུམ་པ་ནམ་མཁར་འཕགས་ཏེ། རྒྱལ་པོ་འཁོར་བཅས་ལ་དབང་བསྐུར་བས། ངོ་མཚར་དད་པའི་གནས་ལ་བཀོད། རྒྱལ་པོས་འབུལ་སྐྱེས་ཨ་ག་རུ་འབའ་ཞིག་ལ། རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་བཏབ་པའི་ཅོག་ཙེ་སོགས་གཏོས་ཆེ། རྒྱ་གར་རྒྱལ་པོས་མུ་མེན་གྱི་བུམ་པ། སྦྲུལ་སྒྲ་འབྱིན་གྱི་མཆེ་བ་སོགས་ཁྱད་ནོར་མང་པོ་ཕུལ། ཡབ་སྲས་དེ་གཉིས་ཀྱི་རིང་གསུང་རབ་ཕལ་ཆེར་གོས་ཤོག་ལ་གསེར་དུ་བཞེངས། གླེགས་ཐག་ཀྱང་སི་ཏ་ཧུ་ལས་བྱས་སོ། །གྲོ་བོ་ལུང་དུ་ཐུགས་བསྐྱེད་གསུང་ཚེ། འཇའ་འོད་དང་མེ་ཏོག་གི་ཆར་བབས། ཉིང་རོར་རྣལ་འབྱོར་མའི་བྱིན་རླབས་མཛད་པས། དེ་ཉིད་དངོས་སུ་གྱུར་པའི་སྐུ་ཡི་འོད་ཟེར་གྱི་སྣ་ལ། ཁྲོ་བོ་མང་པོ་འཕྲོ་བ་ཀུན་གྱིས་མཐོང༌། སྐུ་ཡི་གྲིབ་མ་མི་མངོན་པ་དང་སྐུ་ཤིང་བལ་ལྟར་ཡང་བ་སོགས། ཡོན་ཏན་བརྒྱད་ཐོབ། ཐམས་ཅད་ལ་ཡེ་ཤེས་འབེབས་ནུས། རྡོ་ལ་ཞབས་རྗེས་བཀོད། ཁྲིད་གདམས་ངག་གི་ཡིག་ཆའང་འགའ་མཛད། འདི་ཆོས་རྗེའི་སྤྲུལ་པར་གྲགས། སོ་བཞི་པ་མེ་ཕག་ ༡༣༤༧ ལོའི་ཟླ་བ་གསུམ་པའི་ཚེས་བཅུ་དགུ་ལ་གཤེགས་སོ། །སྐུ་གདུང་ལ་ལྷ་སྐུ་རིང་བསྲེལ་དཔག་ཏུ་མེད་པ་བྱོན། དེ་ལ་སློབ་མ་མཁན་ཆེན་རྡོ་རྗེ་རིན་ཆེན་དང༌། བླ་ཆེན་བསམ་རྒྱལ་ཁ་ཆེ། ལྷ་ཁབ་འཇིག་རྟེན་བློས་བཏང༌། རྟོགས་ལྡན་གྲགས་པ་འབུམ། རྟོགས་ལྡན་སངས་རྒྱས་བཟང་པོ་སོགས་མང་ངོ༌། །