1972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དབྱིངས་ཆོ་ག་ (1)
Part of speech མིང་ཚིག
Definition བོན། སྟོན་པ་གཤེན་རབ་ཀྱི་མཛད་པ་རྒྱས་འབྲིང་བསྡུས་གསུམ་སྟེ། རྒྱས་པོ་མཛད་པ་བརྒྱ་དང་རྩ་བརྒྱད། འབྲིང་པོ་མཛད་པ་དྲུག་ཅུ། བསྡུས་པ་མཛད་པ་བཅུ་གཉིས་ཀྱིས་གདུལ་བྱའི་ཁ་ལོ་གྱེན་དུ་བསྒྱུར་ཞིང་། དེ་དག་གི་ཁོངས་སུ་འདུས་པའི་མཛད་པ་ཞིག་ཡིན་ལ། སྟོན་པ་དགུང་ལོ་བཞིའི་ཐོག་གྲོང་ཁྱེར་ལང་ལིང་ལ་ཕེབས་སྐབས། རྒྱལ་པོ་ཡབ་ཡུམ་ཞང་མྱེས་སོགས་ཡུལ་དེའི་སེམས་ཅན་གང་མང་ཞིག་སངས་རྒྱས་སོ། །གནས་དེར་རྒྱལ་པོ་གསལ་ཁྱབ་ཀྱི་སྲས་འོད་མཛེས་དཔལ་གྱིས་འཚོགས་པའི་གཞིར་བཟུང་ནས། ཡུལ་དེའི་དབང་འཛིན་རྒྱལ་སྲས་འོད་མཛེས་དཔལ་གཙོས་པས་བཟོ་རྒྱལ་གར་མ་ལི་ཤོ་དང་ལྷ་ཀླུ་མི་གསུམ་རྣམས་ཀྱིས་དགེ་ལ་ཐང་བཅད་ནས་གསས་ཁང་ཞིག་སྟོན་པའི་ཐུགས་རྗེ་དང་། སེམས་ཅན་གྱི་བསོད་ནམས་ལ་བརྟེན་ནས། དགུང་ཟླ་གཅིག་དང་དགུང་ཚེས་བཅོ་ལྔའི་བར་བཞེངས་གྲུབ་བྱུང་སྟེ། རྒྱལ་འཁོར་ཤིན་ཏུ་སྤྲོ་བ་སྐྱེས་ནས་དགའ་སྟོན་རྒྱ་ཆེར་གནང་བ་མ་ཟད། གསས་ཁང་ལ་ཡང་ཁོ་མ་རུ་རིང་ཞེས་མཚན་གསོལ་ཡོད། དེ་ཡི་ཚེ་འཁོར་གྱི་ནང་ནས་གཤེན་རབ་གཡུང་དྲུང་སེམས་དཔའ་ཚངས་པ་གཙུག་ཕུད་ཀྱིས་ལྷའི་མེ་ཏོག་ནེ་ར་སེར་པོ་ཞིག་ཕུལ་ནས་སྟོན་པ་ལ་གུས་པས་བསྟོད་བསྔགས་ཕུལ་ཏེ། གསས་ཁང་ཁོ་མ་རུ་རིང་ལ་མངའ་དབུལ་བྱིན་རླབས་མཛོད་ཅིག དེ་ལྟར་མ་མཛད་ན་ཡུན་དུ་བཀྲ་མི་ཤིས་ཤིང་བྱིན་ཆེ་བར་མི་འགྱུར་ཞེས་གསོལ་བར་ཞུ་སྟེ། དེའི་ཚེ་སྟོན་པས་ཀྱང་དུས་ལ་བབས་པར་དགོངས་ནས། རྨ་ལོ་གཡུ་ལོ་འབྱུང་བའི་གཤེན་བཞི་ཚངས་པ་གཙུག་ཕུད་བཅས་འདུས་འཁོར་ཡོངས་ལ། གསས་ཁང་དང་བདེར་གཤེགས་རྟེན་ལ་བཀྲ་ཤིས་མངའ་དབུལ་གྱི་ཞལ་བསྲོ་བགྱི་ན། ཕན་ཡོན་དང་དགོས་པ་སོགས་ཀྱི་བཀའ་སྩལ་ནས། རབ་གནས་ཀྱི་ཆོ་ག་ཀླད་གཞུང་འཇུག་གསུམ་ཚང་བའི་ཀུན་དབྱིངས་ཀྱི་ཆོ་ག་འདི་བྱུང་བའོ། །མདོ་བསྡུས་ཙམ་ཞུས་པ་ལས་རྒྱས་པོ་མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས་གསལ་ལོ། །མདོར་བསྡུས་ན་སྟོན་པ་ཐུགས་རྗེ་ཅན་གྱིས། གསས་ཁང་ཁོ་མ་རུ་རིང་ནི་བཀྲ་ཤིས་རབ་གནས་ཕྱིར་དུ་མཛད་པའོ། །
Domain ཆོས་ལུགས།