19889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་ཀྱི་རྣམ་གཞག་ཐུན་མོང་མ་ཡིན་པ་ (1)
Part of speech མིང་ཚིག
Definition མདོ། ཐལ་འགྱུར་པ། དགེ་ལུགས། རང་རྒྱུད་པ་མན་ཆད་ཀྱི་ནང་སྡེ་དང་གཞན་སྡེ་མཐའ་དག་གིས་ཉོན་མོངས་སུ་མི་འདོད་པའི་ཉོན་མོངས་ཀྱི་རྣམ་གཞག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། གཉིས་པ་ཉོན་མོངས་ཀྱི་རྣམ་གཞག་ཐུན་མོང་མ་ཡིན་པ་བཤད་པ་ལ། རང་རྒྱུད་པ་མན་ཆད་ཀྱི་ནང་སྡེ་དང་གཞན་སྡེ་གཉིས་ཀས་ཆོས་དང་གང་ཟག་རང་ངོས་ནས་གྲུབ་པར་འཛིན་པའི་རྟོག་པ་ཉོན་མོངས་སུ་མི་འདོད་ཀྱང༌། ཞེས་དང་། ལུགས་འདི་ལ་སྔར་བཤད་པ་དེ་དག་ཐམས་ཅད་ཉོན་མོངས་ཡིན་པར་མ་ཟད། ཆོས་དང་གང་ཟག་རང་ངོས་ནས་གྲུབ་པར་འཛིན་པའི་རྟོག་པ་ཉོན་མོངས་ཡིན་ཏེ། དེ་གཉིས་ཆོས་དང་གང་ཟག་གི་གནས་ལུགས་མཐོང་བ་ལ་རྨོངས་པར་བྱེད་པས་ན་གཏི་མུག་དང༌། འཁོར་བའི་རྩ་བར་གྱུར་པའི་ཉོན་མོངས་ཅན་གྱི་མ་རིག་པ་ཡིན་པའི་ཕྱིར། དང་པོ་དེར་ཐལ། རང་འགྲེལ་ལས། དེ་ལ་འདིས་སེམས་ཅན་རྣམས་ཇི་ལྟར་གནས་པའི་དངོས་པོ་ལྟ་བ་ལ་རྨོངས་པས་ན་གཏི་མུག་སྟེ། མ་རིག་པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ་རང་བཞིན་མཐོང་བ་ལ་སྒྲིབ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་བོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་དེར་ཐལ། དེ་འདྲའི་རྟོག་པ་གཉིས་པོ་དེ་བདག་མེད་རྟོགས་པའི་རིག་པ་ཡེ་ཤེས་ཀྱི་མ་ཡིན་མི་མཐུན་ཕྱོགས་དང་མེད་པ་མི་མཐུན་ཕྱོགས་ཙམ་མ་ཡིན་པར་འགལ་ཟླ་མི་མཐུན་ཕྱོགས་ཡིན་པའི་ཕྱིར་དང༌། ལུས་དབང་ཟུར་དུ་བཞག་པ་ལས་མིག་གི་དབང་པོ་བཞག་ཏུ་མེད་པ་དེ་བཞིན་དུ། ཆགས་སོགས་རྣམས་དང་པོར་སྐྱེ་བའི་ཚེ་ན། བདག་འཛིན་དེ་གཉིས་ལ་བརྟེན་ནས་སྐྱེས། མཐར་དེ་དང་མཚུངས་ལྡན་དུ་འཇུག་པའི་ཕྱིར། ཞེས་དང་། ཆགས་སོགས་ཉོན་མོངས་རྣམས་རང་གི་རྒྱུར་གྱུར་པའི་བདེན་འཛིན་ལས་སྐྱེ་བའི་ཚུལ་ཡོད་དེ། ཆོས་དང་གང་ཟག་བདེན་པར་བཟུང་བ་ལ་བརྟེན་ནས་དེའི་དམིགས་ཡུལ་རང་ངོས་ནས་གྲུབ་པའི་ཡིད་འོང་ཡིད་མི་འོང་དུ་སྣང་བའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་ཞིང༌། དེ་ལ་བརྟེན་ནས་ཡིད་འོང་ལ་དམིགས་པའི་འདོད་ཆགས་དང༌། ཡིད་མི་འོང་དམིགས་པའི་ཞེ་སྡང་སྐྱེ་ཞིང༌། དེ་དག་ལ་བརྟེན་ནས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ལ་བརྟེན་པའི་ཆགས་སོགས་སྐྱེ་ཚུལ་ཡང་ཤེས་པར་བྱ་བ་ཡིན་པའི་ཕྱིར། བདེན་འཛིན་དེས་དངོས་སུ་དྲངས་པའི་འདོད་ཆགས་དེས་བདེན་འཛིན་གྱི་དམིགས་པ་ལ་དམིགས་ནས་རང་ངོས་ནས་གྲུབ་པར་སྣང་བ་ཡིན་གྱི། དེའི་ཞེན་ཡུལ་ལ་དམིགས་ནས་རང་ངོས་ནས་གྲུབ་པར་སྣང་བ་མ་ཡིན་ཏེ། དེ་གཉིས་དམིགས་པ་མཚུངས་ཀྱང་འཛིན་སྟངས་མི་མཚུངས་པའི་ཕྱིར་ཏེ། འདོད་ཆགས་ཀྱིས་བདེན་པར་མི་འཛིན་པའི་ཕྱིར། དེ་འདྲའི་འདོད་ཆགས་བདེན་འཛིན་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:ཉོན་མོངས་ཀྱི་རྣམ་གཞག་ཐུན་མོང་མ་ཡིན་པ་

|; |@@@ | | }}