20272

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition འབྲི་གུང་པའི་དཔོན་རིན་ཆེན་སྐྱབས་ལ་ལྕམ་གཉིས་ཡོད་པའི་ཆུང་བ་ཁྲི་སྨོན་འབུམ་སྐྱིད་ཀྱི་བུ་གསུམ་གྱི་ཆེ་འགོ་རུ་རབ་བྱུང་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༣༡༠ ལོར་འཁྲུངས། དགུང་ལོ་གཞོན་དུས་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས། རང་ལོ་ཉི་ཤུ་པ་རབ་བྱུང་ལྔ་པའི་ལྕགས་བྱ་ཕྱི་ལོ་ ༡༣༢༡ ལོར་ས་སྐྱའི་ཏི་ཤྲཱི་ཀུན་དགའ་བློ་གྲོས་ཀྱིས་ཕག་གྲུའི་ཁྲི་དཔོན་དུ་བསྐོས་ཤིང༌། ཡོན་རྒྱལ་རབས་ཀྱི་གོང་མ་ཤུད་དྷི་ཕ་ལ་དབྱི་ཙུང་ཀེ་ཀེན་ཧན་གྱིས་ཐམ་ཁ་སྟག་མགོ་མ་ནོར་བུ་གསུམ་པ་དང་སི་ཏུའི་གོ་གནས་སྤྲད། སྣེ་གདོང་རྫོང་ཁང་གི་མཁར་ལས་དང༌། མདུན་གྱི་ཤམ་ཆུ་ལ་ཟམ་པ་འཛུགས་པ། རང་ཉིད་ཆང་དང་ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་རབ་བྱུང་གི་སྡོམ་པ་བསྲུངས། རིང་པོར་མ་ལོན་པར་གཡའ་བཟང་པས་ཁ་མཆུ་བསླངས་ཏེ། གཡའ་བཟང་པ་དང་དམག་འཐབ་ཐེངས་ཁ་ཤས་བྱས་ཀྱང་ཐོག་མར་ཕམ། དེ་ནས་འབྲི་གུང་པ་དང་གཡའ་བཟང་པ། ཚལ་པ་བཅས་ལྐོག་ཏུ་ཁ་མཐུན་ནས་གཡའ་ཕག་གཉིས་ཀྱི་ཁ་མཆུ་ས་སྐྱའི་དཔོན་ཆེན་གྱི་མདུན་དུ་གཏུགས་བཤེར་བྱས་སྐབས་སླར་ཡང་སི་ཏུ་ཕམ། འོན་ཀྱང་སི་ཏུས་ཁྲི་དཔོན་གྱི་གོ་གནས་དང་ཐམ་ཀ་རྩིས་མ་སྤྲད་པའི་དབང་གིས་དཔོན་ཆེན་རྒྱལ་བ་བཟང་པོས་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་དམག་ཡར་ལུང་དུ་དྲངས་ནས་སི་ཏུ་བཙོན་འཇུག་དང༌། ཉེས་རྡུང་ཐེངས་ཁ་ཤས་བཏང་ཡང༌། ཁྲི་དཔོན་གྱི་གོ་གནས་དང་ཐམ་ཀ་རྩིས་མ་སྤྲད་པས་བཙོན་འཇུག་བྱས། རྗེས་སུ་ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ་དང་དཔོན་ཆེན་དབང་བརྩོན་བར་འགལ་བ་ཆེར་སོང་ཚེ་དབང་བརྩོན་ལ་ཡོན་རྒྱལ་རབས་ཀྱིས་འཇའ་ས་བྱུང་བར་བརྟེན། རྒྱལ་བ་བཟང་པོས་སི་ཏུ་བཙོན་ཁང་ནས་ཤོར་བའི་ཁུལ་བྱས་ཏེ་གློད་བཀྲོལ་བཏང༌། དེ་རྗེས་དཔོན་ཆེན་དབང་བརྩོན་དང་ས་སྐྱའི་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་སྐུ་མཆེད་གཉིས་ཀྱིས་རབ་བྱུང་དྲུག་པའི་ཆུ་སྤྲེལ་ཕྱི་ལོ་ ༡༣༣༢ ལོར་ལྷ་རྩེ་རྫོང་དུ་བཙོན་འཇུག་བྱས་ཐོག ཁྲི་སྐོར་བཅུ་གསུམ་གྱི་དམག་ཡར་ལུང་དུ་དྲངས་ནས་ཡུན་རིང་དམག་འཐབ་བྱས་ཀྱང་གླགས་མ་རྙེད་པར་སི་ཏུར་རྒྱལ་ཁ་ཐོབ་སྟེ། ་རབ་བྱུང་དྲུག་པའི་ས་གླང་ ༡༣༤༩ ལོར་དཔོན་ཆེན་རྒྱལ་བ་བཟང་པོ་བཙོན་ནས་བཏོན་ཞིང༌། དམག་འཁྲུག་སློང་བའི་འགོ་གཙོ་རྣམས་ལ་ཁྲིམས་གཅོད་བྱས་ཏེ་ས་སྐྱའི་སྲིད་དབང་ཡོངས་རྫོགས་རྩིས་བླངས་ནས་ཕག་མོ་གྲུ་པས་བོད་ཡོངས་ལ་དབང་བསྒྱུར་བྱེད་པའི་འགོ་ཚུགས་པ་ཡིན། དེ་ནས་རབ་བྱུང་དྲུག་པའི་ཤིང་འབྲུག་ཕྱི་ལོ་ ༡༣༦༤ ལོ་བར་ལོ་བཅུ་དྲུག་རིང་སྲིད་དབང་བཟུང༌། རབ་བྱུང་དྲུག་པའི་མེ་སྤྲེལ་ཕྱི་ ༡༣༥༧ ལོར་ལྕགས་རྩེ་གྲི་གུ་རྫོང་དང༌། འོལ་ཁ་སྟག་རྩེ་རྫོང༌། གོང་དཀར་རྫོང༌། སྣེའུ་རྫོང་བཅས་བརྩིགས་ཤིང༌། དེའི་ཕྱི་ལོ་མེ་བྱ་ལོར་གཞིས་ཀ་བྲག་དཀར་རྫོང་བརྩིགས། གཞན་ཡང་གཞིས་ཀ་བསམ་འགྲུབ་རྩེའི་རྫོང་དང༌། རིན་སྤུངས་རྫོང༌། པ་སྣམ་ལྷུན་གྲུབ་རྩེ་སོགས་རྫོང་ཆེན་བཅུ་གསུམ་བརྩིགས་ནས་རྫོང་སོ་སོར་རྫོང་དཔོན་བསྐོ་གཞག་དང༌། ལོ་གསུམ་རེ་ནས་རྫོང་དཔོན་གསར་པ་གཏོང་རྒྱུ། སྲིད་དབང་འཛིན་མཁན་སོ་སོས་ལོ་རེས་མོས་སུ་ས་གནས་སོ་སོར་ངོ་བསྐྱོད་རྟོག་ཞིབ་ཏུ་འགྲོ་དགོས་པ་བཅས་ཀྱི་ལམ་ལུགས་བཙུགས། རང་ལོ་ང་དགུ་པ་རབ་བྱུང་དྲུག་པའི་ལྕགས་གླང་ ༡༣༦༡ ལོར་རང་ཉིད་ཀྱི་ལོ་རྒྱུས་བཀའ་ཆེམས་དེབ་ཐེར་ཞེས་པ་བརྩམས། དེ་ཡི་ཕྱི་ལོར་བུ་སྟོན་རིན་པོ་ཆེའི་དངོས་སློབ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣལ་རྒྱལ་སོགས་དགེ་བཤེས་མཁས་པ་མང་པོ་ཞུས་དག་ཏུ་གདན་དྲངས་ཏེ་རྩེད་ཐང་དགོན་པར་གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་བཞེངས། རང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་དྲུག་པའི་ཤིང་འབྲུག་ ༡༣༦༤ ལོར་རང་ཉིད་སྲིད་ཁྲིའི་ལས་འགན་ནས་དགོངས་པ་ཞུས་ཏེ་ཚབ་ཏུ་འཇམ་དབྱངས་གུ་ཤྲཱི་ཤཱཀྱ་རྒྱལ་མཚན་བསྐོས་ནས་རིང་པོ་མ་སོང་བར་འདས།

{{#arraymap:ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་

|; |@@@ | | }}