20330

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏཱ་ར་ནཱ་ཐ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་ཤིང་ཕག་ཕྱི་ལོ་ ༡༥༧༥ ལོར་དབུས་ཀྱི་ཇོ་མོ་ཁ་རག་ཉེ་འགྲམ་འབྲང་ཞེས་པའི་ཡུལ་དུ་ཡབ་རྣམ་རྒྱལ་ཕུན་ཚོགས། ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་ཕྱི་ལོ་ ༡༦༣༤ ལོར་སྐུ་གཤེགས། བཞི་བར་ཇོ་ནང་མཁན་པོ་ལུང་རིགས་རྒྱ་མཚོས་ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་གི་ཡང་སྤྲུལ་དུ་ངོས་བཟུང་། ཇོ་དགོན་དུ་གདན་དྲངས། དྲུག་པར་ཡི་གེའི་སྦྱོར་ཀློག་མཐར་ཕྱིན། དབང་དང་རྗེས་གནང་དཔག་ཏུ་མེད་པ་ཐོབ། བརྒྱད་པར་མཁས་དབང་བྱམས་པ་ལྷུན་གྲུབ་ཀྱི་མདུན་ནས་ཚད་མ་རིགས་གཏེར་བློར་བཟུང་། སྟག་ལུང་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་ནས་བཀའ་གདམས་གླེགས་བམ་གྱི་ལུང་ཞུས། རབ་བྱུང་དགེ་ཚུལ་གྱི་སྡོམ་པའང་མནོས། འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱི་དྲུང་ནས་ས་སྐྱ་དཀར་པོ་རྣམ་གསུམ་གྱི་བཀའ་འབུམ་གྱི་ལུང་དང་། རྗེ་བཙུན་སྒྲུབ་པའི་དབང་ཕྱུག་གི་དྲུང་ནས་རས་ཆུང་སྙན་བརྒྱུད་ཀྱི་ཆོས་རྫོགས་པར་ཞུས། ཇོ་ནང་པའི་གདན་སར་བཞུགས། བཅུ་བདུན་པར་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་ལས་བསྙེན་པར་རྫོགས། དབུས་སུ་ཕེབས། ལོ་བཅུའི་རིང་ས་སྐྱ་དང་། བཀའ་བརྒྱད། དགེ་ལྡན་གྱི་བླ་མ་ལས་ཆོས་སྐོར་གསན། རྒྱ་གར་སློབ་དཔོན་ནི་རྦཱ་ཎ་ཤྲཱི་དང་། བྷང་ག་ལའི་པཎྜི་ཏ་པུརྞ་ནནྡ་བཅས་ལ་གྲུབ་མཐའི་ལྟ་བ་མང་པོར་བགྲོ་གླེང་གནང། སུམ་ཅུ་བར་དབུ་མ་གཞན་སྟོང་ཆེན་པོའི་རྩེ་མོར་སོན། སོ་གཅིག་ནས་ཇོ་ནང་གདན་ས་ནས་རིས་མེད་ཀྱི་བླ་སློབ་མང་པོར་མདོ་སྔགས་འཆད་ཉན་མཛད། གསེར་ཟངས་ཀྱི་བྱམས་སྐུ་ཆེ་ལེགས་སོགས་བཞེངས། ཞེ་གཅིག་པར་རྟག་བརྟན་དམ་ཆོས་གླིང་གི་གནས་གཞི་བཙུགས། བལ་ཡུལ་ནས་ལྷ་བཟོ་མཁས་པ་དྲངས་ནས་སངས་རྒྱས་རབས་བདུན་གཙོས་པའི་གསེང་ཟངས་ཀྱི་སྐུ་བརྙན་མང་པོ་བཞེངས། ཡིག་མཁན་དན་དྲངས་ཏེ་རྒྱལ་བའི་བཀའ་དང་། དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་གསེར་བཙོ་མས་འབྲིར་བཅུག། གསུང་རྩོམ་སྟོན་པའི་མཛད་བརྒྱ་དང་། རྒྱ་གར་ཆོས་འབྱུང་སོགས་པཎ་གྲུབ་མང་པོའི་རྣམ་ཐར་སྐོར་དང་ཤེར་སྙིང་། བཟང་སྤྱོད། དུས་འཁོར། བདེ་མཆོག གསང་འདུས་བསྐྱེད་རྫོགས་ཀྱི་རྣམ་བཤད་སོགས་མདོ་སྔགས་ཀྱི་གཞུང་འགྲེལ་སྐོར་དང་། ཐེག་མཆོག་རྒྱལ་བའི་དབུ་མ་སོགས་གཞན་སྟོང་གི་ལྟ་གྲུབ་སྐོར་དང་། བསྟོད་ཚོགས་དང་སྨོན་ལམ་སོགས་ཇོ་ནང་བའི་ལུགས་ཀྱི་བསྟན་བཅོས་པོ་ཏི་བཞི་བཅས་ཁྱོན་གླེགས་བམ་བཞི་བཅུ་ལྷག་མཛད།
Synonyms རྗེ་བཙུན་ཀུན་དགའ་སྙིང་པོ། རྗེ་བཙུན་སྒྲོལ་བའི་མགོན་པོ། སྲི་གཅོད་རྡོ་རྗེ། ཀུན་དགའ་མ་ནུས། ཀུན་དགའ་སྙིང་པོ།

{{#arraymap:ཏཱ་ར་ནཱ་ཐ་

|; |@@@ | | }}