20379
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ནི། ཁམས་སྡེ་དགེ་ཨ་ལོའི་ཡུལ་དུ། ཡབ་ངག་དབང་ཚེ་རིང་དང༌། ཡུམ་ཁྲ་འགུ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༧༠༠ རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་རྒྱལ་ཟླའི་ཚེས་བཅུ་བདུན་ཉིན་འཁྲུངས། རྒྱལ་དབང་ཀརྨ་པ་ཡེ་ཤེས་རྡོ་རྗེས་ངོས་འཛིན་མཛད། ཕྱི་ལོ་ ༡༧༡༣ ཆུ་སྦྲུལ་ནག་པ་ཟླ་བའི་ཉ་ལ་འོག་མིན་མཚུར་ཕུའི་གདན་སར་ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀྱིས་རྒྱལ་བའི་དབང་པོ་ཀརྨ་པ་བྱང་ཆུབ་རྡོ་རྗེ་དང་ལྷན་དུ་གསེར་ཁྲིར་མངའ་གསོལ། མཐིང་དམར་ཡབ་སྲས་ཟུང་གིས་སྙིང་པོ་དོན་གྱི་བསྟན་པ་གཏད་ཅིང་རྒྱལ་ཚབ་ཏུ་མངའ་དབང་བསྐུར། བོད་ཀྱི་ཆབ་སྲིད་ཀྱི་ཡོ་ལང་གི་རྐྱེན་པས་བཀའ་བསྟན་ཉམས་རྒུད་དུ་གྱུར་པའི་དུས་དེར་རྗེ་འདིའི་ཐུགས་བསྐྱེད་ལ་བརྟེན་ནས་ཆོས་སྲིད་གང་ལའང་ཕོག་ཐུག་མེད་པར་སྒྲུབ་བརྒྱུད་ཀྱི་བསྟན་པ་དང་གདན་ས་གཙོ་བོ་ཟུང་ཡན་ལག་དང་བཅས་འཛིན་སྐྱོང་སྤེལ་བའི་མཐུན་རྐྱེན་བསྐྲུན། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེ། ཞྭ་དམར་ཆོས་གྲུབ་རྒྱ་མཚོ། ཏྲེ་ཧོ་སྤྲུལ་སྐུ་བཅས་ངོས་འཛིན་དང་འབྲེལ། དགའ་ལྡན་ཕོ་བྲང་ཆེན་མོའི་གཞུང་རྩེ་ཤོད་ལས་ཆོག་མཆན་བཀའ་ཡིག་དོན་ཐོག་ཏུ་སྨིན་པར་མཛད་པས་མཚོན་དགའ་ལྡན་ཕོ་བྲང་གཞུང་རྩེ་ཤོད་དང་ས་གནས་མདོ་སྤྱི་སོགས་དང་འབྲེལ་བ་ཟབ། ཀརྨ་པ་བདུད་འདུལ་རྡོ་རྗེའི་རིགས་ཀྱི་བདག་པོར་གྱུར་ཅིང་རྒྱལ་མཆོག་མཐིང་དམར་ཡབ་སྲས་སྔ་ཕྱིར་གདན་ས་དཔལ་སྤུངས་སུ་གདན་དྲངས་ཏེ་གསན་བསམ་སྒོམ་གསུམ་དང་མཛད་ཕྲིན་མཆོག་ཏུ་རྒྱས་པའི་མཐུན་རྐྱེན་ཞབས་འདེགས་སྒྲུབ། གསུང་སྐྱེས་ཀྱི་བསྟན་བཅོས་པོད་བཅུ་བཞི་ཡོངས་སུ་གྲགས་པ་ལས་སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཁོ་ནའི་འགྲོ་དོན་ཡང་གངས་ཅན་བོད་ཀྱི་རིག་པའི་གནས་ལ་འཇུག་པར་སྤྲོ་བ་ཡོངས་ཀྱི་ལྟ་བྱེད་ཀྱི་མིག་ལྟ་བུ་གྱུར་ཏོ། །ཕྱི་ལོ་ ༡༧༢༧ མེ་ལུག་ལོར་གདན་ས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གསར་དུ་བཞེངས་ཏེ་ཐུན་མིན་དཔལ་ལུགས་ཀྱི་སྲོལ་བཏོད་པ་ནས་ཀརྨ་བཀའ་བརྒྱུད་ཀྱི་གདན་ས་དཔལ་མཚུར་གཉིས་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་དུ་བཀུར། དགོན་ལག་བརྒྱ་དང་བརྒྱད་ཅུ་དང་ཆོས་སྡེ་ཆེན་པོ་བཅུ་གསུམ་སོགས་སུ་རྗེ་ཉིད་ཀྱི་མཛད་ཕྲིན་གྱི་སྣང་བ་ཕྱོགས་མེད་དུ་བརྡལ། སྡེ་དགེའི་བཀའ་འགྱུར་ཆེན་མོ་གསར་བཞེངས་དང་ཞུས་དག་ཁ་སྐོང་སོགས་མཛད། དཔལ་སྤུངས་ལྔ་རིག་སློབ་གླིང་གསར་དུ་བཙུགས་པས་མདོ་ཁམས་ཕྱོགས་སུ་བཅུ་ཕྲག་རིག་པའི་གནས་འཛིན་སྐྱོང་སྤེལ་གསུམ་གྱི་སྲོལ་ཚུགས་པ་ནི་དམ་པ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བའོ། །དགུང་གྲངས་དོན་དྲུག་སོན་པ་ཕྱི་ལོ་ ༡༧༧༤ རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ། བོད་ཟླ་ ༢ ཚེས་ ༢༤ ཉིན་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། ། |
{{#arraymap:ཏཱའི་སི་ཏུ་སྐུ་ཕྲེང་བརྒྱད་པ་
|; |@@@ | | }}