20543

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཏིང་ངེ་འཛིན་ཞེས་པ་བཏགས་པའི་དངོས་པོ་ལ་དམིགས་ནས་རྒྱུན་ལྡན་དུ་འཇོག་པའི་སེམས་རྩེ་གཅིག་པ་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཏིང་ངེ་འཛིན་གང་ཞེ་ན། བཏགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དེ། ཤེས་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། ཏིང་ངེ་འཛིན་གྱི་ཡུལ་གྱི་ཁྱད་པར་ལ་བཏགས་པའི་དངོས་པོ་ཞེས་གསུངས་པ་ནི། ཏིང་ངེ་འཛིན་སྒོམ་པའི་ཚེ་བློས་བཏགས་པའི་དམིགས་པ་ལ་སེམས་འཛིན་པ་ཡིན་པས་བཏགས་པ་ཞེས་གསུངས་སོ། །ཏིང་ངེ་འཛིན་གྱི་བྱེད་ལས་ཀྱི་ཁྱད་པར་ལ་ཤེས་པའི་རྟེན་བྱེད་པའི་ལས་ཅན་ཞེས་གསུངས་པ་ནི། ནང་དུ་སེམས་མཉམ་པར་བཞག་པའི་ཞི་གནས་ལ་བརྟེན་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་བྱས་པའི་མཐུས་ཇི་ལྟ་བ་དང་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་འགྲུབ་པའི་དོན་ནོ། །
Domain ཆོས་ལུགས།

{{#arraymap:ཏིང་ངེ་འཛིན་

|; |@@@ | | }}

ཏིང་ངེ་འཛིན་ (2)
Part of speech མིང་ཚིག
Definition ཡུལ་ངེས་ལྔའི་ནང་གསེས་ཤིག ཡང་དག་པར་འཛིན་པ་སྟེ་བརྟག་པའི་དངོས་པོའམ་དམིགས་པ་ལ་སེམས་རྩེ་གཅིག་སྦྲེང་ཆགས་སུ་འཛིན་པའི་སེམས་བྱུང་ངོ་། །ཏིང་ངེ་འཛིན་གྱི་མཐུས་སེམས་དང་སེམས་ལས་བྱུང་བའི་རྒྱུད་དམིགས་པ་གཅིག་ལ་སྡུད་ཅིང་མི་གཡོ་བར་ཏིང་ངེ་འཛིན་འཇོག་པས་ན་ཏིང་ངེ་འཛིན་ཞེས་བྱའོ། །དེ་ཡང་ཏིང་ངེ་འཛིན་ཐམས་ཅད་མདོར་བསྡུས་ཏེ། མདོ་ལས་རྟོག་པ་དང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་གསུམ་དུ་བཀའ་སྩལ་ཏོ། །གཞན་ཡང་ལམ་གྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་རྣམ་པ་གསུམ་པོ་འདི་དག་ནི་རྣམ་པ་གཉིས་ཏེ། ཟག་བཅས་འཇིག་རྟེན་པ་དག་པ་བ་དང་། འཇིག་རྟེན་ལས་འདས་པ་དྲི་མ་མེད་པའི་ཏིང་ངེ་འཛིན་ནོ། །ཡུལ་ལ་འཇུག་པའི་ཚུལ་གྱི་སྒོ་ནས་གསུམ་དུ་དབྱེ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། སྨོན་པ་མེད་པ་སྨོན་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་སྟོང་པ་ཉིད་ལ་སོགས་པ་ལ་དམིགས་པའི་ཕྱིར་མིང་དེ་སྐད་ཅེས་བྱའོ། །

{{#arraymap:ཏིང་ངེ་འཛིན་

|; |@@@ | | }}

ཏིང་ངེ་འཛིན་ (3)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ནི། འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས། གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། དེ་ལ་གཅིག་ཏུ་གྱུར་པའི་སེམས་གཟུང་བ་དང་འཛིན་པ་དང་བྲལ་བ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །ཞེས་པ་ལྟར་ཏིང་ངེ་འཛིན་གྱི་ངོ་བོ་ཡང་རྗེས་དྲན་བཞིན་དུ་སྟོང་གཟུགས་ཡབ་ཡུམ་མཉམ་པར་སྦྱར་བས་རགས་པའི་ལུས་ལ་དགའ་བཞི་འབྱུང་ཟློག་རྫོགས་པ་དྲངས་པའི་སྐབས་སུ་སྟོང་གཟུགས་ལ་མཉམ་པར་བཞག་པ་ཁོ་ནས་ཐིག་ལེ་བཅིངས་པའི་ཚེ་ཐིག་ལེ་ཆ་ཤས་ཞིག་སྟོང་གཟུགས་ལ་ཐིམ་པས་ཐིག་ལེ་ཐིམ་པའི་སྟོང་གཟུགས་དེ་བདེ་བ་སྐྱེས་བྱེད་ཡེ་ཤེས་ཀྱི་ཐིག་ལེ་ཡང་ཡིན་པར་གསུངས་ལ། མྱོང་བྱ་བདེ་བ་ཡང་དེ་ཀ་ཡིན་ཅིང། སྟོང་གཟུགས་སུ་ཤར་བའི་ཐིག་ལེ་དེ་ཉིད་ལ་འགྱུར་བའང་མེད་པས་སྟོང་གཟུགས་དང་མི་འགྱུར་བའི་བདེ་བ་ཟུང་འཇུག་ཅེས་བྱ་ཞིང་གཟུང་བ་ཡུལ་ཤེས་བྱ་སྟོང་གཟུགས་དང། འཛིན་པ་ཡུལ་ཅན་ཤེས་པ་བདེ་བ་ཡིན་ལ། སྟོང་གཟུགས་ཤེས་རབ་དང་བདེ་བ་ཐབས་ཡིན་ཞིང། རྟེན་ཐིག་ལེ་ལུས་དང། བརྟེན་པ་ཡེ་ཤེས་སེམས་ཡིན་པས་གཟུང་འཛིན་ཟུང་འཇུག་དང། ཤེས་བྱ་དང་ཤེས་པ་ཟུང་འཇུག་དང། ཐབས་ཤེས་ཟུང་འཇུག་དང། རྟེན་བརྟེན་པ་ཟུང་འཇུག་དང། ལུས་སེམས་ཟུང་འཇུག་ཅེས་བྱ་སྟེ། སྐབས་འདིར་ཏིང་ངེ་འཛིན་ནི་ཟུང་འཇུག་ཡེ་ཤེས་ཀྱི་སྐུའོ། །དེ་ལའང་ཇི་སྲིད་ས་བཅུ་གཉིས་མ་རྫོགས་ཀྱི་བར་དུ་སློབ་པའི་ཟུང་འཇུག་སྟེ་ཆ་ཤས་མ་རྫོགས་པ་ཞེས་བྱ་ལ། དེ་ནས་ནི་ཆ་ཤས་རྫོགས་པ་ཡིན་ནོ། །དེ་ཡང་ཟླ་བ་ཉ་གང་བ་ལ་ཟླ་བ་རྫོགས་པ་ཞེས་བརྗོད་པ་ལྟར་ཆ་ཚང་བ་ལ་རྫོགས་པ་ཞེས་བྱ་ཡི། གོང་དུ་འགྲོར་མེད་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་ཁུ་རྡུལ་རླུང་གསུམ་པོ་དེ་རིམ་པས་འགག་ཚུལ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་སུ་རྣམ་པར་བཞག་པ་མཛད་དོ། །ཞེས་དང་། ཏིང་ངེ་འཛིན་གྱི་སྒྲ་དོན་ནི། རྒྱ་གར་སྐད་དུ། སམཱ་དྷི་ཞེས་པ་ཏིང་ངེ་འཛིན་ཏེ། སམ་ནི་ཡང་དག་པ། ཨཱ་ནི་ཀུན་ནས། དྷི་འཛིན་པའི་དོན་ཡིན་པས་ཡང་དག་པར་ཀུན་ནས་འཛིན་ཅེས་པའམ། གཟུང་འཛིན་དང་བྲལ་ཞིང་། ཡུལ་ཡུལ་ཅན་དབྱེར་མེད་ལ་སེམས་གནས་པའི་དོན་ནོ། །ཡང་སམ་ནི་རྫོགས་པའི་དོན་དུ་འགྱུར་བས་རྫོགས་པར་ཀུན་ནས་འཛིན་ཞེས་ཀྱང་བྱ་སྟེ། གནས་ལུགས་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཐམས་ཅད་རྫོགས་པ་ལ་བྱའོ། །གནས་ལུགས་ཀྱི་མཚན་ཉིད་རྫོགས་པ་ཡང་ཇི་ལྟ་བུ་ཡིན་ན། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པ་ལ་བྱའོ། ། མཛོད་འགྲེལ་མངོན་པའི་རྒྱན་ལས། ཏིང་ངེ་འཛིན་ནི་དམིགས་པ་གཅིག་ལ་རྣམ་པ་གཅིག་ཏུ་འཇུག་པའི་རྩེ་གཅིག་པ་སྟེ། འདིར་རྩེ་ནི་དམིགས་པའོ། །དབྱེ་ན་ས་དགུ་ན་ཏིང་ངེ་འཛིན་དགུ་དང། འཇིག་རྟེན་ལས་འདས་པ་སྟེ་བཅུའོ། །ལས་ནི་སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་འབྱུང་བས་ཇི་ལྟ་བར་ཤེས་པའི་རྟེན་བྱེད་པའོ། །ཞེས་གསུངས།

{{#arraymap:ཏིང་ངེ་འཛིན་

|; |@@@ | | }}

ཏིང་ངེ་འཛིན་ (4)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྒྱུད་ཀྱི་དངོས་པོའི་བྱེ་བྲག་ཅིག་སྟེ། དཀོན་ཅོག་འགྲེལ་ལས། ཏིང་ངེ་འཛིན་ནི། སྔགས་ཀྱི་སྐབས་སུ་ལྷའི་རྣལ་འབྱོར་བསྒོམ་པ་ལ་བྱ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། དོན་ལ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་། དེ་དག་གི་དབང་གིས་སྣང་བའི་གཟུགས་ཀྱི་སྐུ་ཆ་ཤས་དང་བཅས་པ་ལ་ལྷ་ཞེས་བྱ་བའི་སྒྲར་བརྗོད་པ་ཡིན་ལ། དེ་ལྟ་བུའི་དོན་ལ་སེམས་རྩེ་གཅིག་ཏུ་བྱེད་པའི་མཚན་ཉིད་ནི་ཏིང་ངེ་འཛིན་ཏེ། དེ་བས་ན་མཚན་མ་མེད་པའི་དོན་ལ་སེམས་རྩེ་གཅིག་པའང་རུང་། མཚན་མ་དང་བཅས་པའི་དོན་ལ་རྩེ་གཅིག་ཀྱང་རུང་། ལས་དང་དངོས་གྲུབ་འགྲུབ་པར་འགྱུར་བའི་རྒྱུའི་གཙོ་བོ་ཡིན་པར་བཤད་དོ། །ཞེས་དང་། ངེས་པའི་ཚིག་ནི། སམཱ་དྷཱི་ཞེས་བྱ་བ་མཚུངས་པའི་བློ་སྟེ། སེམས་རྩེ་གཅིག་པའི་མཚན་ཉིད་དོ། །ཞེས་གསུངས།

{{#arraymap:ཏིང་ངེ་འཛིན་

|; |@@@ | | }}